འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་17ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་སྣེ་གདོང་ཆུས་སུ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ། ཚོང་གཉེར་ཁོར་ཡུག་དང་། གྲོང་ཁྱེར་འཛུགས་སྐྲུན། ཚོང་འགུགས་མ་འདྲེན། མི་རིགས་ལག་ཤེས་བཟོ་ལས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་བ་དང་ཡང་དག་པ་བྱས་ཏེ་ས་བབ་ཀྱི་དགེ་མཚན་འདོན་སྤེལ་ཡག་པོ་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཐོག ནུས་ལྡན་མ་འཇོག་བྱེད་ཤུགས་ཆེ་རུ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། སྣེ་གདོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
སྣེ་གདོང་ཆུས་གཙང་པོའི་བྱང་ངོས་ཐོན་ལས་གླིང་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ནི། གསོ་རླུང་སྒྲིག་ཆས་གསར་སྤེལ་དང་། འཆར་འགོད། སྒྲིག་བཟོ། ཉམས་བཟོ་བཅས་སྦྲེལ་ཐག་གཞི་གཅིག་ལ་བསྡུས་པའི་ཁེ་ལས་ཤིག་རེད། ལི་ཧྥུའུ་ཀྲུང་གིས་འགྲེམས་སྟོན་ཁང་དང་། ཐོན་སྐྱེད་འཁོར་ཁང་། ལས་བཟོ་པའི་བྱེད་སྒོ་ཁང་བཅས་སུ་ཕེབས་ཏེ། ཁེ་ལས་འགན་འཁུར་མི་སྣའི་ངོ་སྤྲོད་གསན་རྗེས། ཁེ་ལས་ཀྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) མིག་སྔའི་དཀའ་ཁག་གནད་དོན་ལ་བློ་འདྲི་གནང་། ཁོང་གིས། ཁེ་ལས་དོ་དམ་དང་ལག་རྩལ་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་དགོས་མཁོ་སྔར་བས་ཡག་པ་བསྐོང་བའི་ཐོན་རྫས་དང་བོད་ཀྱི་མི་དམངས་ལ་བདེ་རྩ་བསྐྲུན་པའི་ཐོན་ཟོག་དེ་བས་མང་ཙམ་གཏོད་དགོས། ཏང་རྩ་འཛུགས་ཀྱི་ཤེས་ལྡན་མི་སྣའི་སེམས་ནུས་གཅིག་བསྒྲིལ་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རྒྱ་ཆེའི་ལས་བཟོ་པས་ལས་སྒོར་ཞིབ་འཇུག་དང་རྩལ་ནུས་མཐོར་འདེགས་བྱ་རྒྱུར་སྐུལ་སློང་བྱས་ནས་ཁེ་ལས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
རྩེད་ཐེར་ལག་ཤེས་འཐག་ལས་ཆེད་ལས་མཉམ་ལས་ཁང་དུ། ལི་ཧྥུའུ་ཀྲུང་གིས་ཐོན་སྐྱེད་ཕྱིར་འཚོང་དང་མང་ཚོགས་ཀྱི་འབབ་འཕར་ལ་ཁྲིད་སྐུལ། དབང་སྐྱོན་མི་སྣའི་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་གནང་བ་རེད། ཁོང་གིས། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ཡག་པོ་བྱ་རྒྱུ་དེ་དེང་རབས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དེང་རབས་ཀྱི་འཚོ་བ་དང་དེང་གི་ཁྲོམ་རའི་ཐོག་མཉམ་འདྲེས་གཏོང་ཟབ་ཐུབ་པ་བྱེད་དགོས། རྩེད་ཐེར་ལན་པར་གཏོད་པའི་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དངོས་མཚོན་ནང་དོན་བསྔོག་འདོན་ཡག་པོ་བྱས་ཏེ། ཐོན་རྫས་ཀྱི་དྲིལ་བསྒྲགས་དང་། ཐུམ་སྒྲིལ། ལན་པར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཇེ་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དབང་པོ་སྐྱོན་ཅན་ཚོགས་སྤྱིའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་མཉམ་འགུལ་ཐོག་ནས་རྩལ་ནུས་གསོ་སྦྱོང་ལ་མཛུབ་སྟོན་བྱས་ནས་ཁོང་ཚོའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་རོགས་སྐྱོར་བྱེད་དགོས་ཞེས་མཛུབ་སྟོན་གནང་།
གྲོང་ཁྱེར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཁག་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ། ལི་ཧྥུའུ་ཀྲུང་གིས་ས་གནས་ས་ཐོག་ནས་བཙོག་ཆུའི་སྦུག་ལམ་དོ་དམ་དྲ་བ་འཛུགས་སྐྲུན་དང་ཨར་སྐྲུན་མྱུར་ཚད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བྱ་ཐབས་ནུས་ལྡན་ལག་ལེན་དུ་བསྟར་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་ཐོག མཛེས་སྡུག་ལྡན་པའི་ལྷོ་ཁ་མྱུར་བསྐྲུན་བྱེད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་གྱིས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་གི་ལས་དོན་ནན་ཏན་ངང་བསྒྲུབ་སྟེ། གྲོང་ཁྱེར་གྱི་དོ་དམ་དྲ་བ་འཐུས་ཚང་འཛུགས་སྐྱོང་བྱེད་དགོས་པ་དང་། གྲོང་ཁྱེར་གནས་ཁུལ་གྱི་འཚོ་བའི་ཆུ་སྙིགས་ཐད་འབུད་བྱེད་ས་དང་སྒྲིག་བཀོད་མེད་པའི་ཁུལ་མེད་པ་བཟོས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདེང་ཆ་མགྱོགས་མྱུར་ཁ་གསབ་བྱེད་དགོས། ཨར་སྐྲུན་རྩ་འཛུགས་ལེགས་སུ་བཏང་སྟེ། བདེ་འཇགས་དང་སྤུས་ཚད་འགན་ལེན་ཡོད་པའི་རྨང་གཞིའི་ཐོག་རྣམ་གྲངས་སྔ་ཙམ་ནས་བསྐྲུན་ཚར་བ་དང་ཕན་འབྲས་སྔ་ཙམ་ནས་ཐོན་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས།
ཡར་གཙང་གནམ་ཁྲོམ་གྱི་དུས་ཁག་གཉིས་པའི་བཤིག་སྤོ་བྱེད་ཡུལ་དུ། ལི་ཧྥུའུ་ཀྲུང་གིས། ཡར་ཀླུང་ཁྱད་ཆོས་འབུར་ཐོན་ཡོད་པ་བྱས་ཐོག ཁོར་ཡུག་མཛེས་ཤིང་སྡུག་པ་དང་། ཚོང་ལས་དར་ཞིང་རྒྱས་པ། རིག་གནས་བྲོ་བས་ཕྱུག་པ། དོ་དམ་ཚད་དང་ལྡན་པ་བཅས་ཕྱོགས་བསྡུས་སྣེ་འཛོམས་གཅིག་ལ་བསྡུས་པའི་གྲོང་ཁྱེར་གཏོད་དགོས། གནམ་ཁྲོམ་གྱི་འཆར་འགོད་དང་འཛུགས་སྐྲུན་ལས་དོན་ཚགས་ཚུད་པོས་སྤེལ་ནས་ས་ཁོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་གསོན་ཤུགས་སྦྱིན་ཏེ། མི་དམངས་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་འདོད་བློ་སྔར་བས་ལེགས་པ་བསྐོང་དགོས།
སྣེ་གདོང་ཆུས་ནུབ་ཁུལ་ཞིང་ཟོག་ཁྲོམ་རའི་རྣམ་གྲངས་བསྐྲུན་ཡུལ་དུ། ཁོང་གིས། ཞིང་ཟོག་ཁྲོམ་ར་ནི་ཁྱིམ་ཚང་མང་དག་དང་འབྲེལ་བ་ཆེན་པོ་ཡོད་པའི་ཤ་ཚལ་སྒོང་གསུམ་གྱི་ལས་གཞི་ཞིག་དང་། ཞིང་ཟོག་ཁྲོམ་ར་རིམ་སྤོར་བརྗེ་བསྒྱུར་ལ་སྐུལ་འདེད་ཡག་པོ་གཏོང་བ་ནི་དམངས་ཕན་གྱི་བྱ་བ་དངོས་བསྒྲུབ་པ་ཞིག་རེད། ཚད་ལྡན་ཅན་དང་། ཚད་གཞི་ཅན། ལམ་ལུགས་ཅན་བཅས་ཀྱི་རེ་འདུན་གཞིར་བཟུང་ཁྲོམ་ར་འཛུགས་སྐྲུན་ཡག་པོ་བྱས་ཐོག བྱེད་ནུས་བདེ་འཇགས་དང་། འཕྲོད་བསྟེན་དམིགས་ཚད་དང་མཐུན་པ། དོ་དམ་ལ་སྒྲིག་ལམ་ཡོད་པ་བཅས་ཐུབ་པ་བྱ་དགོས། མ་དངུལ་བསྡུ་བསྒྲིལ་ཧུར་ཐག་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དུས་མཚུངས་སུ། སྔ་ཙམ་ནས་ལས་འགོ་ཚུགས་རྒྱུ་དང་སྔ་ཙམ་ནས་བེད་སྤྱོད་འཁོར་རྒྱུག་ཡོང་བར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་ཁྲོད་ཀྱི་ཞན་ཆ་གསབ་འཐུས་ཐོག་ནས་གྲོང་མི་ཚོར་སྟབས་བདེ་ལ་བག་ཕེབས་པའི་འཚོ་བའི་ཁུལ་ཡག་པོ་ཞིག་གཏོད་རྒྱུར་འབད་འབུངས་བྱེད་དགོས་པའི་ནན་བཤད་གནང་།
སྣེ་གདོང་ཆུས་ཁྲ་འབྲུག་དགོན་པར། ལི་ཧྥུའུ་ཀྲུང་གིས་དགོན་སྡེའི་དོ་དམ་གསར་གཏོད་ལ་ཤུགས་སྣོན་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་ཀྱི་སྲོལ་བཟང་གཟི་བརྗིད་ཆེ་བ་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་སར་འཕེལ་རྒྱས་གཏོང་དགོས། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ་དགོས། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བཞིན་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། འཕར་སྣོན་མི་བྱེད་པ་གསུམ་གྱི་མཚམས་ཐིག་ནན་སྲུང་བྱེད་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་དཔུང་ཁག་གི་བྱང་ཚད་དང་ནུས་པ་མཐོར་འདེགས་ཟམ་མི་ཆད་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།གྲོང་ཨུད་རྒྱུན་ཨུ། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུའེ་ཡིས་རྟོག་ཞིབ་ནང་ལྷན་དུ་ཞུགས་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།