འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དུ་ཡིན། དྲ་རྒྱའི་བདེ་འཇགས་ཀུན་ལ་བརྟེན་པར་བྱ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་གསུང་བཤད་གནང་བ་མ་ཟད། ཀྲུང་གོ་གློག་འཕྲིན་གྲངས་རིག་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ལྷོ་ཁ་གྲོང་ཁྱེར་གྱི་དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་ལ་ལག་རྩལ་འདེགས་སྐྱོར་ཐུབ་མཁན་ཚན་པ་5ལ་བྱང་བུ་སྤྲད་གནང་བ་རེད།
ཉི་མ་བསྟན་འཛིན་གྱིས་ནན་བཤད་གནང་དོན། ཏང་གིས་དྲ་རྒྱར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་དགོས་པ་དང་། དྲ་རྒྱའི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་དེ་བསྒྱུར་བཅོས་ཟབ་གཏོང་བྱེད་པའི་གཞི་རྟེན་ནུས་ལྡན་དང་དྲ་རྒྱའི་ཐོག་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཁྱད་ལྡན་བྱ་ཐབས་ཤིག་ལ་བརྩིས་ནས་འདི་ལོའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོར་ཕན་འབྲས་ཐོན་པ་བྱེད་དགོས། བརྗོད་དོན་གཙོ་བོར་དམིགས་ནས་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་བྱེད་དགོས་པ་དང་། དྲང་ནུས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་དྲ་རྒྱའི་བདེ་འཇགས་མཉམ་སྐྲུན་དང་དྲ་རྒྱའི་ཤེས་དཔལ་མཉམ་སྤྱོད་ཐུབ་རྒྱུར་ཁྲིད་སྟོན་ཡག་པོ་བྱེད་དགོས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་དྲ་ཐོག་དང་ས་ཡུལ་དངོས་ནས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྤྱི་ཚོགས་ཡོངས་ལ་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་རྩལ་ནུས་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། གྲངས་འཛིན་དམངས་ཕན་ལས་གཞིར་སྐུལ་འདེད་བཏང་སྟེ། གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་དེ་བས་མང་བའི་མང་ཚོགས་དང་ཁེ་ལས་ཀྱིས་གྲངས་འཛིན་ཕན་ཁེ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།
མཛད་སྒོ་གྲོལ་རྗེས། གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཉི་མ་བསྟན་འཛིན་སོགས་ནས་དྲིལ་བསྒྲགས་ས་ཚིགས་ཁག་ཏུ་ཕེབས་ནས་ངེད་གྲོང་ཁྱེར་གྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་དང་། གྲང་འཛིན་ཅན་གྱི་འཕེལ་རྒྱས། ཕན་ཚུན་དྲ་འབྲེལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད།
བསོད་དོན་གྱིས་བསྒྱུར། བསོད་བསྟན་གྱིས་ཞུས།