འདི་ནི་ལྷོ་ཁ་དང་ཧུའུ་ནན་གྱི་སྐལ་བཟང་མེ་ཏོག་བཞད་ཅེས་པར་འབོད་པའི་2024ལོའི་དགུན་སྒར་བྱེད་སྒོར་ཞུགས་མཁན་སློབ་མས་དྲན་རྟེན་མཉམ་པར་ལེན་བཞིན་པ།
སློབ་གསོའི་སྒྲིག་བཀོད་རྒྱས་བསྐྲུན་དང་། སློབ་གསོའི་ཆུ་ཚད་མཐོར་འདེགས། དགེ་རྒན་དཔུང་ཁག་གསོ་སྐྱོང་སོགས་ཀྱིས་མཚོན། བོད་སྐྱོར་ལས་དོན་བགྲང་བྱ་30སྤེལ་ཚུན། ཡར་ཀྲུང་ས་གཞི་ཆེན་མོའི་སྟེང་། ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་ཀྲུང་འབྲུ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་སྤེལ་བའི་བོད་སྐྱོར་སློབ་གསོའི་ལས་དོན་ལ་སྨིན་པའི་གཡུར་ཟའི་འབྲས་བཟང་གང་སར་མཐོང་རྒྱུ་ཡོད།
བོད་སྐྱོར་སློབ་གསོའི་ལས་དོན་ལ་འབྲས་བཟང་སྨིན་པ།
ཞིང་ཆེན་གསུམ་དང་ཀུང་སི་གཅིག་གིས་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གསར་གཏོད་སྒོ་ནས་སྤེལ་བས། ངེད་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་གི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་སྔ་ན་མེད་པ་ཐེབས་ཡོད།ལོ་ངོ་30རིང་། ཧུའུ་པེ་ཞིང་ཆེན་གྱིས་སློབ་གསོའི་ལས་བྱེད་པ་7རེ་བྱས་པ་དུས་ཁག་7ལ་དབྱེ་བ་དང་། སློབ་གསོའི་ཤེས་ལྡན་མི་སྣ་162རེ་བྱས་པ་དུས་ཁག་8ལ་དབྱེ་བ། མཐོ་རིམ་སློབ་གྲྭའི་དང་བླངས་པ་182རེ་བྱས་པ་དུས་ཁག་27ལ་དབྱེ་བ་བཅས་ངེད་གྲོང་ཁྱེར་གྱི་སློབ་གྲྭ་ཁག་8ལ་མངགས་ཤིང་། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་ཚན་རྩལ་ཞིབ་འཇུག་ལྟེ་གནས་ཞེས་པ་བཏོད་ནས་སློབ་གསོའི་སྐོར་གྱི་ཤམ་ཆུའི་གླེང་སྟེགས་དང་པོ་ཞེས་པ་གཉེར་བ་དང་། གྲོང་ཁྱེར་ཤར་འོད་སློབ་འབྲིང་དུ་ཡར་ཀླུང་སེང་འབྲུག་བྲོ་རྩེད་ཚོགས་པ་དང་པོ་ཞེས་པ་བཙུགས་ཏེ། སློབ་གྲྭའི་རིག་གནས་འཚོ་བ་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཕུན་སུམ་ཇེ་ཚོགས་སུ་བཏང་བའི་ཞོར། སློབ་ཁྲིད་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་བརྟན་འཁྱོངས་ལ་རོགས་སྐྱོར་རྒྱུན་ཆད་མེད་པ་བྱས་ཡོད་པ་རེད།
དུས་ཁག་སོ་སོའི་བོད་སྐྱོར་དགེ་རྒན་གྱི་འབད་འབུངས་ལྷོད་མེད་འོག གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་རྒྱུགས་ལོན་ཚད་ལོ་3བསྟུད་མར་ལྷོ་ཁའི་ཨང་དང་པོར་སླེབས་ཤིང་། གྲོང་ཁྱེར་ཤར་འོད་སློབ་འབྲིང་ནས་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭར་རྒྱུགས་འཕྲོད་ཚད་དང་འབྲིང་རྒྱུགས་སྦྱངས་འབྲས་ཀྱི་ཟིན་ཐོ་གསར་པ་བསྟུད་མར་བཏོད་ཡོད་པ་རེད།
གྲོང་ཁྱེར་སློབ་ཆུང་གསུམ་པ་ནི་1996ལོར་ཧུའུ་ནན་ཞིང་ཆེན་ག་སྦྱར་རོགས་སྐྱོར་འོག་བསྐྲུན་པ་ཞིག་ཡིན་ཞིང་། 2019ལོར་ཧུའུ་ནན་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཡུལ་གྱི་སློབ་གྲྭར་འགྱུར་ཡོད།
2019ལོ་ནས་ད་བར། གྲོང་ཁྱེར་སློབ་ཆུང་གསུམ་པས་སྔ་རྗེས་སུ་སློབ་གྲྭའི་སྒྲིག་བཀོད་ཁོར་ཡུག་སྤྱི་དང་། བྱེད་ནུས་ཁང་རིག་གནས། སྲིད་འཛིན་ལྟེ་གནས། ལས་བཟོ་པའི་ཁྱིམ་ཚང་། ངལ་རྩོལ་སློབ་གསོ་ལག་ལེན་རྟེན་གཞི་སོགས་ཀྱི་འཛུགས་སྐྲུན་ལས་དོན་ལེགས་གྲུབ་བྱུང་བ་དང་། སློབ་གྲྭའི་ཆ་འཕྲིན་ཅན་འཛུགས་སྐྱོང་གི་གོམ་སྟབས་ཀྱང་ཇེ་མྱུར་དུ་སོང་བ། སློབ་གཉེར་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་བ། དགེ་རྒན་གྲགས་ཅན་བོད་བསྐྱོད་སློབ་འཁྲིད་ལ་གཞོལ་བ་སོགས་ལས་དོན་མང་དག་སྤེལ་ཡོད།
2023ལོར་གྲོང་ཁྱེར་སློབ་ཆུང་གསུམ་པའི་ཆུང་རྒྱུགས་ཀྱི་སྦྱངས་འབྲས་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་གཞན་གྱི་སྔོན་ལ་སླར་ཡར་ཐོན་པ་དང་། སློབ་གྲྭའི་དགེ་སློབ་ཚོས་ཀྱང་ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་གྱི་བོད་སྐྱོར་ལས་བྱེད་པར་སྔོན་ལ་སློབ་སྐྱོར་བྱེད་པའི་བྱ་ཐབས་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས། མིག་སྔའི་བར། ཧུའུ་ནན་ཞིང་ཆེན་གྱིས་དགེ་རྒན་234རེ་བྱས་པ་དུས་ཁག་12ལ་དབྱེ་ནས་བོད་དུ་མངགས་པ་མ་ཟད། རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར་3.7བཏང་ཡོད་པས། ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ལ་གཡུར་ཟའི་འབྲས་བཟང་ཐོབ་ཡོད་པ་རེད།
གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་ནི་ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་ག་སྦྱར་རོགས་སྐྱོར་འོག་བསྐྲུན་པའི་སློབ་གྲྭ་ཞིག་ཡིན་ལ། ཨན་ཧུའེ་སློབ་གསོའི་ཤེས་ལྡན་མི་སྣས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གྲས་ཤིག་ཀྱང་ཡིན། དེ་བས་ནི་གྲོང་ཁྱེར་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་མཐོ་རིམ་སློབ་འབྲིང་གཅིག་པུ་དེའང་ཡིན་པ་རེད།
2019ལོའི་ཟླ་7པར། ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་བཅའ་སྡོད་བྱས་ཚུན། སློབ་གྲྭར་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་སློབ་གསོའི་འདུ་ཤེས་མཁོ་འདོན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རིག་ནུས་སློབ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་འདི་ཉིད་རང་སྐྱོང་ལྗོངས་ཀྱི་རིག་ནུས་སློབ་གྲྭ་དང་རིག་ནུས་སློབ་གསོའི་དཔེ་མཚོན་ཅན་ཞིག་ཏུ་བསྐྲུན་ཐུབ་རེ་ཡོད། 2023ལོར། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར། རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་གཏོད་ཀྱི་དཔེ་མཚོན་སློབ་གྲྭ་ཞེས་པའི་མཚན་སྙན་ཐོབ་པ་དང་། མཐོ་རྒྱུགས་ནང་། དངོས་གཞིའི་ཚན་ཁག་ལ་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་74.20ཟིན་ཡོད་པ་རེད།
གྲུབ་འབྲས་དེ་དག་ཐོབ་པ་ནི། བོད་སྐྱོར་ཚོགས་པ་ཁག་གི་དཀའ་སྤྱད་འབད་བརྩོན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་བྲལ་ཐབས་མེད། རྒྱལ་ནང་གི་ཞིང་ལས་འབྲུ་རིགས་ལས་རིགས་ཁྱབ་ཁོངས་ནང་སྣེ་ཁྲིད་པ་ལྟ་བུ་ཡིན་པའི་ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ཐོན་ལས་ལེགས་ཆ་འདོན་སྤེལ་བྱས་ནས་རོགས་སྐྱོར་སྤེལ་ཡུལ་གྱི་སློབ་གསོ་དང་རིག་གནས་སོགས་ཐད་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཡག་པོ་བྱས་ཡོད་པ་རེད།
2002ལོར། ལྷོ་བྲག་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཀྲུང་འབྲུ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་མང་དག་གཅིག་རྗེས་གཉིས་མཐུད་ཀྱིས་བཏང་ནས་ལྷོ་བྲག་རྫོང་སློབ་འབྲིང་གི་ནུས་མང་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་དང་རྫ་ར་ཤང་སློབ་ཆུང་གི་སློབ་མའི་ཉལ་ཁང་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རོགས་བྱས་ཏེ་མཐའ་མཚམས་རྫོང་གྲོང་གི་སློབ་གསོ་དང་སློབ་ཁྲིད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།
མི་རིགས་མཐུན་སྒྲིལ་མེ་ཏོག་གི་བཀྲག་མདངས་རབ་ཏུ་འཚེར་བ།
ནས་ལས་སྣོན་བྱས་པ་ལས་བྲོ་བ་ཞིམ་པའི་བཟའ་བཅའ་འདི་འདྲ་མང་པོ་ཞིག་བཟོ་ཐུབ་པ་བསམ་ཡུལ་ལས་འདས་སོང་། ང་རང་ནར་སོན་རྗེས། ཞིང་ལས་ཚན་རྩལ་སློབ་སྦྱོང་ཡག་པོ་བྱས་ནས། ཚང་མར་ང་ཚོའི་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་དེ་བས་མང་བའི་བྲོ་བ་བལྟ་རུ་འཇུག་རྒྱུ་ཡིན་ཞེས་ལྷོ་བྲག་རྫོང་སློབ་འབྲིང་གི་སློབ་མ་བསྟན་འཛིན་ནོར་བུས་འདི་ལྟར་བརྗོད་ཀྱི་འདུག
2023ལོར། ཀྲུང་འབྲུ་ཚོགས་པ་ཚད་ཡོད་ཀུང་སིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ། གཞོན་ནུ་ཡག་པོ། ཀྲུང་འབྲུའི་བརྩེ་བ་ཞེས་པར་འབོད་པའི་རོགས་སྐྱོར་བྱ་ཡུལ་རྫོང་གི་ཕུལ་བྱུང་སློབ་གྲྭ་འབྲིང་ཆུང་སློབ་མའི་དབྱར་སྒར་སྤྲོ་གསེང་བྱེད་སྒོ་སྤེལ་བ་དང་། ལྷོ་བྲག་རྫོང་སོགས་ས་གནས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་30སྒྲིག་འཛུགས་བྱས་ནས་པེ་ཅིན་དུ་ལྟ་སྐོར་སློབ་སྦྱོང་ལ་ཁྲིད་དེ། ཁོང་ཚོར་ཞིང་ལས་འབྲུ་རིགས་ལས་སྣོན་ཁྲོད་ཀྱི་དེང་རབས་ཚན་རྩལ་ཉེ་ས་ནས་མྱོང་རོལ་བྱེད་དུ་བཅུག་ཐོག གཞོན་ནུ་ལོ་ཆུང་ཚོའི་ཚན་རིག་ལ་དགའ་ཞེན་བྱེད་པའི་སྤྲོ་བ་འཕེལ་བ་བྱས་ནས་གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་དང་མི་རིགས་དབར་གྱི་མཛའ་བརྩེ་ཟབ་ཏུ་བཏང་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ། བོད་སྐྱོར་ཞིང་ཆེན་གསུམ་དང་ཀུང་སི་གཅིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་རྩ་བ་དང་བླ་སྲོག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཏེ། སེམས་ནུས་ཡོད་རྒུས་བོད་སྐྱོར་སློབ་གསོའི་ལས་དོན་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
2016ལོའི་ཟླ་9པ་ནས་བཟུང་། གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུད་ཀྱིས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་ལ་ལོ་ལྟར་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་རང་བྱུང་ཚན་རིག་ཚན་ཁག་གི་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་གསར་པ་40སློབ་གྲྭར་སློབ་སྦྱོང་བྱ་རྒྱུར་མངགས་བཅོལ་བྱེད་ཀྱི་ཡོད།
ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་ཚབ་སྐྱོང་འཛིན་གྲྭའི་ལས་དོན་དེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་གནས་བབ་མངོན་གསལ་ཐོག་བཞག་སྟེ། མ་དངུལ་སྒོར་ཁྲི་360བཀོད་སྒྲིག་བྱས་ཏེ་ཚབ་སྐྱོང་འཛིན་གྲྭའི་ལས་དོན་ལ་རྒྱབ་སྐྱོར་བྱས་པའི་ཁར། དགེ་རྒན་ཡག་ཤོས་དང་ཐོན་ཁུངས་ཡག་ཤོས་བཀོད་སྒྲིག ཆེས་སྔོན་ཐོན་གྱི་སྒྲིག་ཆས་མཁོ་འདོན་བཅས་ཐོག་ནས་ཚབ་སྐྱོང་འཛིན་གྲྭའི་སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
གྲོང་ཁྱེར་མཐོ་རིམ་སློབ་གྲྭ་གཉིས་པའི་བོད་རིགས་སློབ་མས་ལུས་ལ་ཟློས་གར་འཁྲབ་གོས་གྱོན་ནས་བོད་སྐད་ཐོག་ནས་ཧོང་མེ་ཟློས་གར་བུ་མོས་མག་པར་རྫུས་ཞེས་པའི་དུམ་བུ་རྩེ་གྲ་བདམས་ཏེ། སྒྲ་གདངས་གསལ་ལ་ཉམས་འགྱུར་དོད་པོས་འཁྲབ་སྟོན་གནད་ལ་འཁེལ་བ་བྱེད་བཞིན་པ་དེའི་ཐོག་ནས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་མཉམ་འདྲེས་ལས་ཡིད་ཀྱི་དབང་པོ་རང་དབང་མེད་པར་འཕྲོག་པ་མཚོན།ཨན་ཧུའེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ཤེས་ལྡན་མི་སྣས་ཨན་ཧུའེ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་གཅིག་མཚུངས་ཉམས་ལེན་ཁྲོད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་ལ་འཚམ་པའི་ཐོན་ཁུངས་གལ་ཆེན་སྔོག་འདོན་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་བོད་སྐད་ཧོང་མེ་ཟློས་གར་ཚོགས་པ་ཐོག་མ་དེ་འཚོལ་བཤེར་ཁྲོད་བདེ་བླག་ངང་བཙུགས་ཡོད།
ད་ལྟའི་ཆར། ཚོགས་པ་དེའི་འཁོར་རྒྱུག་དང་ཤུགས་རྐྱེན་སྔོན་དཔག་ལས་ཆེས་ཆེར་བརྒལ་བ་མ་ཟད། ཟློས་གར་ཡག་པོ་གཅིག་འབྲེལ་ཟམ་དུ་བྱས་ནས་ཨན་ཧུའེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་མི་དམངས་ཀྱི་བརྩེ་བ་དང་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད་པ་རེད།
ལྷོ་ཁ་དང་ཧུའུ་ནན་ས་གནས་གཉིས་ཀྱི་སློབ་གྲྭས་མཉམ་སྦྱོང་མཉམ་སྤྱོད་དང་སེམས་མཐུན་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་ཆེད། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་དུས་ཁག་བཅུ་པའི་ལས་དོན་རུ་ཁག་གིས་སློབ་མ་ཚོར་2022ལོའི་དབྱར་སྒར་དང་2024ལོའི་དགུན་སྒར་སྒྲིག་འཛུགས་ཐོག་གཉེར་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་ལ་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མ་སྒྲིག་འཛུགས་བྱས་ནས་ཧུའུ་ནན་ཞིང་ཆེན་དུ་བསྐྱོད་ཐོག ས་གནས་དེ་གའི་སློབ་ཆུང་སློབ་མ་དང་ཆ་སྒྲིག་བྱས་ཏེ། ངའི་ཧྲའོ་ཧྲན་དུ་བསྐྱོད་པའི་གཏམ་རྒྱུད་ཅེས་པར་འབོད་པའི་གསར་བརྗེའི་རིག་གནས་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་ལྷན་དུ་ཞུགས་པ་དང་འབྲེལ། རླབས་ཆེན་མི་སྣའི་ཕ་ས་འཚོལ་བ་དང་། མེས་རྒྱལ་གོང་འཕེལ་ལ་མྱོང་རོལ་བྱེད་པ། ཧུའུ་ནན་རིག་གནས་ཉམས་སུ་ལེན་པ་བཅས་བྱས་ཡོད་པ་རེད།
ངས་འདི་གར་ཕ་ཡུལ་དུ་མེད་པའི་མཛེས་ལྗོངས་མང་པོ་མཐོང་བ་མ་ཟད། ཧུའུ་ནན་ནས་ཡིན་པའི་གྲོགས་པོ་མང་པོ་ཞིག་ཀྱང་འགྲིག་ཐུབ་བྱུང་བས། སེམས་ནང་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན། ངས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་ཏེ། ཕ་ཡུལ་ཧུའུ་ནན་དང་འདྲ་བ་མཛེས་སྡུག་དང་ལྡན་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མ་བྱམས་པ་དབང་སྒྲོན་གྱིས་འདི་ལྟར་གླེང་།ཕན་ཚུན་ངོ་ཤེས་པ་ནས་ཕན་ཚུན་ཆ་རྒྱུས་ཡོད་པའི་བར་དང་། ཕན་ཚུན་རོགས་རེས་ནས་ཕན་ཚུན་ཡིད་ཆེས་ཡོད་པའི་བར། དེ་བཞིན་ཕན་ཚུན་གྲོགས་པོ་འགྲིག་པ་ནས་ཕན་ཚུན་མཉམ་འདྲེས་ཐུབ་པ་བཅས་ཀྱིས་མཚོན། ཆ་སྒྲིག་བྱེད་སྒོའི་ནང་སྔ་རྗེས་སུ་ཧུའུ་ནན་དང་བོད་ཀྱི་སློབ་ཆུང་སློབ་མ་120ལྷག་ཙམ་ཞུགས་ཡོད་པ་མ་ཟད། ས་གནས་གཉིས་ཀྱི་ཕྲུ་གུ་ཚོའི་སེམས་ནང་མཛའ་བརྩེའི་ས་བོན་བཏབ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྔར་བས་མཚར་སྡུག་དང་ལྡན་པ་བཞད་ཡོད་པ་རེད།
ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲ་བསྐྱངས་ནས་ཤུལ་ནོར་ལ་བཞག་པ།
གལ་ཏེ་སྒྲིག་བཀོད་ཁོར་ཡུག་ནི་སློབ་གྲྭ་ཞིག་གི་མཐུན་རྐྱེན་སྟོབས་དང་ལྡན་པ་ཞིག་ཡིན་ཚེ། དགེ་རྒན་གྱི་སྟོབས་ཤུགས་ནི་སློབ་གྲྭ་ཞིག་གི་ནང་གནས་སྒུལ་ཤུགས་ཆེ་ཤོས་དེ་ཡིན་ངེས།
ལོ་ངོ་30ཡི་རིང་། ལྷོ་ཁའི་སློབ་གསོའི་རང་ནུས་མཐོར་འདེགས་དང་སློབ་གསོ་སློབ་ཁྲིད་ལ་མཁོ་བའི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་ཆེད། བོད་སྐྱོར་ཚོགས་པ་ཁག་གིས་ལས་དོན་དངོས་སྤེལ་བའི་ཁྲོད་བརྒྱུད་སྤྲོད་དང་། རོགས་རེས། སྣེ་ཁྲིད་བཅས་ཀྱི་ལས་ཀ་མང་དག་སྤེལ་ཐོག མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ས་གནས་དེ་གའི་སློབ་གྲྭའི་སློབ་དཔྱོད་ལས་དོན་ཁག་གི་ནང་རང་འགུལ་ངང་ཞུགས་པ་མ་ཟད། ས་གནས་དེ་གའི་སློབ་གསོའི་ལས་དོན་པ་དང་ཉམས་མྱོང་ཕན་ཚུན་སྤེལ་རེས་བརྒྱུད་མཉམ་དུ་འཚར་ལོངས་ཡོང་རྒྱུར་འབད་ཡོད།
ཧུའུ་པེ་ཞིང་ཆེན་གྱི་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན། ག་སྦྱར་རོགས་རེས་དང་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཞིང་། རྩེ་གྲ་ཕྱི་ནས་གདན་ཞུ་དང་ཡག་ཤོས་ཕྱི་ལ་བསྐྱོད་པ། དྲ་ཐོག་སློབ་སྦྱོང་སོགས་ཀྱི་བྱ་ཐབས་བསྟར་བ་བརྒྱུད། ལྷོ་ཁའི་དགེ་རྒན་80ལྷག་དུས་ཐེངས་5ལ་དབྱེ་ནས་ཧུའུ་པེ་ཞིང་ཆེན་གྱི་འབྲེལ་ཡོད་སློབ་གྲྭར་གསོ་སྦྱོང་ནང་སྒྲིག་འཛུགས་ཐོག་ཞུགས་པ་མ་ཟད། ཧུའུ་པེ་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དགེ་སློབ་ཕན་ཚུན་འབྲེལ་འདྲིས་ཀྱི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བས། ལྷོ་ཁའི་སློབ་དཔྱོད་བསྒྱུར་བཅོས་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཐད་བོད་སྐྱོར་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་རེད།
དགེ་རྒན་དཔུང་ཁག་སྔར་བས་ལེགས་སུ་གཏོང་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྐང་འཛིན་དགེ་རྒན་གྱི་བརྒྱུད་སྤྲོད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་མངོན་འགྱུར་ཡོང་ཆེད། ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པས་ག་སྦྱར་རོགས་རེས་དང་བརྒྱུད་སྤྲོད་ཀྱི་ལས་དོན་སྔ་ས་ནས་སྤེལ་འགོ་ཚུགས་པ་རེད།
དེའི་ནང་ས་གནས་དེ་གའི་དགེ་རྒན་20དང་ཨན་ཧུའེ་བོད་སྐྱོར་དགེ་རྒན་20ཕན་ཚུན་ཆ་སྒྲིག་བྱས་པ་བརྒྱུད། སློབ་གྲྭའི་ན་གཞོན་དགེ་རྒན་མགྱོགས་མྱུར་འཚར་ལོངས་ལ་མཐུན་རྐྱེན་སྦྱར་ཡོད་པ་མ་ཟད་སློབ་གྲྭའི་འབྱུང་འགྱུར་འཕེལ་རྒྱས་ལ་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད་པ་རེད།
རང་ཉིད་ཀྱི་རིག་ཚན་ཁྱབ་ཁོངས་ནང་། སློབ་དཔྱོད་ལམ་སྲོལ་དང་ཞིབ་འཇུག་བརྗོད་གཞི་བཟོ་བ་སོགས་ཀྱི་བྱེད་སྒོའི་ནང་། རྣམ་ཀུན་བོད་སྐྱོར་དགེ་རྒན་ཚོས་ང་ཚོ་དང་མཉམ་དུ་ཞུགས་ཤིང་། ད་དུང་ང་ཚོར་སློབ་ཁྲིད་ཐབས་ལམ་གསར་པ་བརྒྱུད་སྤྲོད་གནང་གི་འདུག་པས། ང་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀར་རོགས་རམ་ཆེན་པོ་འདུག་ཅེས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་རྒན་སྐར་མས་འདི་ལྟར་གླེང་།
ལྷོ་ཁར་ག་སྦྱར་རོགས་སྐྱོར་ལས་དོན་སྤེལ་ཚུན། ཧུའུ་ནན་ཞིང་ཆེན་གྱིས་བོད་སྐྱོར་དགེ་རྒན་གྱི་རིག་ཚན་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ས་གནས་དེ་གའི་དགེ་སློབ་ཆ་སྒྲིག་བྱས་ཐོག་རིག་ཚན་དབར་རོགས་རེས་བྱེད་ཀྱི་ཡོད་པ་དང་། སྔ་ཕྱིར་སློབ་གསོའི་ཤེས་ལྡན་མི་83རེ་དུས་ཐེངས་7ལ་དབྱེ་ནས་ནང་སའི་སློབ་གྲྭའི་སློབ་ཁྲིད་ལས་གནས་ཐོག་གསོ་སྦྱོང་སྤྲས་ཡོད་པ་རེད།
ཕྱོགས་ཡོངས་ལ་ཁྱབ་པ་དང་། བརྒྱུད་རིམ་ཡོངས་ཀྱི་གསོ་སྦྱོང་། སྒོ་ཀུན་ནས་ཆ་སྒྲིག་བཅས་ཆ་ཚང་བ་གསུམ་ལ་འབོད་པའི་སློབ་གསོའི་བོད་སྐྱོར་དཔེ་གཞི་བཏོད་དེ། རོགས་སྐྱོར་བྱ་ཡུལ་གྱི་སློབ་གྲྭར་ཤེས་ལྡན་མི་སྣའི་དཔུང་ཁག་རྩེ་གྲ་གསོ་སྐྱོང་བྱས་ནས་ཤུལ་ནོར་དུ་བཞག་ཡོད་པ་རེད།
མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་འབྲི་ཆུ་རྒྱུག་ཁུལ་ནས་རི་རབ་མཐོ་ཞིང་རྒྱང་ལམ་གྱིས་ཆོད་པའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་བར། བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ལ་ལུང་མང་པོ་བརྒལ་ནས་བོད་དུ་ཡོང་སྟེ་ལྷག་བསམ་རྣམ་པར་དག་པའི་བོད་སྐྱོར་ལས་དོན་ཁག་སྤེལ་བ་དང་འབྲེལ། ལང་ཚོའི་དཔལ་ཡོན་སློབ་གསོའི་བྱ་གཞག་ཆེད་སྐྱེས་སུ་ཕུལ་བས། ས་གནས་གཉིས་འབྲེལ་འདྲིས་སྔར་བས་དམ་ཟབ་ཏུ་འགྲོ་རྒྱུ་ནི་སྨོས་ཅི་དགོས།
ལོ་ངོ་30ཡི་བོད་སྐྱོར་ལས་དོན་སྤེལ་བའི་ཁྲོད། དུས་ཁག་རེ་རེའི་བོད་སྐྱོར་མི་སྣའི་དཀའ་སྤྱད་འབད་འཐབ་དང་། མི་རབས་མང་པོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། ཐོག་མའི་བསམ་འདུན་མི་འགྱུར་བ་དང་བྱ་གཞག་བསྒྲུབ་སེམས་བརྟན་དུ་བཏང་ནས་མེས་རྒྱལ་གྱི་དགོས་མཁོ་ཆེ་སར་བསྐྱོད་ཅིང་། སློབ་གསོའི་ཞིང་ས་གཤིན་པོའི་ཐོག་རེ་བའི་ས་བོན་རྒྱུན་མི་ཆད་པར་བཏབ་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བོད་ལྗོངས་འཛུགས་སྐྲུན་ཆེད་མི་གསར་མང་དག་གསོ་སྐྱོང་བྱས་ཡོད་དོ། །
ཡེ་ཤེས་བཟང་མོས་ཞུས།