འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6པའི་ཚེས་5ཉིན། གྲོང་ཁྱེར་རིག་གནས་ཅུད་ཀྱིས་གཙོ་གཉེར་དང་། གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དང་པེ་ཅིན་གྱོན་གོས་སློབ་གླིང་གིས་སྒྲུབ་འགན་འཁུར་བའི་ངེད་གྲོང་ཁྱེར་གྱི་2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་པའེ་ཡུན་ཧྥུང་གིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྲོལ་རྒྱུན་གྱོན་གོས་འགྲེམས་སྟོན་ཁུལ་དང་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བའི་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་ཡོད་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ཐོག་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་རེད། དུས་མཚུངས་ངེད་གྲོང་ཁྱེར་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་འགྲེམས་སྟོན་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཁོར་ཡུག་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་ཡུན་ཉིན་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་། བྱེད་སྒོ་སྤེལ་སར་ད་དུང་ལྗོངས་ཕྱི་ནང་གི་དྲ་རྒོད་གདན་ཞུ་བྱས་ཏེ། དྲ་ཐོག་ཐད་གཏོང་བརྒྱུད་ལྷོ་ཁའི་ཁྱད་ལྡན་སྲོལ་རྒྱུན་གྱོན་གོས་དང་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བའི་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།
ངེད་གྲོང་ཁྱེར་གྱི་2024ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བྱེད་སྒོའི་ཟུར་ཞིག