འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ངེད་གྲོང་ཁྱེར་གྱིས་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས《རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ལག་བསྟར་ཇུས་གཞི》《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་དྲིལ་བསྒྲགས་ལས་དོན་འཆར་ཟིན》དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ངེད་གྲོང་ཁྱེར་གྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་གྲ་སྒྲིག་གནས་ཚུལ་གསན་པ་མ་ཟད། 《ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ལག་བསྟར་ཇུས་གཞི》ལ་ཞིབ་འཇུག་དང་གྲོས་འཆམ་བྱས་ཡོད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་པའེ་ཡུན་ཧྥུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། པའེ་ཡུན་ཧྥུང་གིས་རིག་དངོས་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་རིག་གནས་དངོས་མང་སྟོན་ཚོགས་ཞིབ་འཇུག་སྒྲིག་གཞི་དང་རིག་དངོས་ལས་སྒོའི་རྐང་འཛིན་སྒྲིག་འཛུགས་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནང་ཞུགས་ནས་རིག་དངོས་བརྟག་དཔྱད་ངོས་འཛིན་གྱི་གནད་འཁེལ་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་འགུལ་མེད་རིག་དངོས་ཐོན་ཁུངས་དཀར་ཆག་དང་ཐོན་ཁུངས་གཞི་གྲངས་བང་མཛོད་འཛུགས་པ་དང་རིག་དངོས་ཐོན་ཁུངས་རྒྱུ་ནོར་གྱི་འགུལ་རྣམ་དོ་དམ་ལམ་སྲོལ་འཛུགས་པ། ཡོངས་ཁྱབ་ཞིབ་བཤེར་གྱི་སྒྲིག་ཁྲིམས་ནན་པོ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཡོངས་ཁྱབ་ཞིབ་བཤེར་གྱི་ཇུས་གཞི་ལག་བསྟར་ནན་པོ་བཅས་བྱ་དགོས། རྫོང་(ཆུས་དང་གྲོང་ཁྱེར)ཁག་གི་དྲིལ་བསྒྲགས་ཚན་པས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་དང་། སྲིད་ཇུས་དྲིལ་བསྒྲགས་། གྲུབ་འབྲས་དྲིལ་བསྒྲགས་བཅས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རིག་དངོས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་བརྒྱུད་རིམ་དང་གྲུབ་འབྲས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་མཚོན་བྱེད་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་འཚོགས་པ་དང་། རྩེད་ཐང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། རྫོང་(ཆུས་དང་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།
བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།