འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་28ཉིན་གྱི་སྔ་དྲོ། ངེད་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ་རེད།
གྲོང་ཁྱེར་ཏང་སྲིད་དམག་གི་འགོ་ཁྲིད་བག་གྲོ་དང་། ཉི་མ་བསྟན་འཛིན། ཝང་ཡུན་ཆིང་། ཅའོ་ཡང་། བསྟན་འཛིན། བཀྲ་ཤིས་ཕུན་ཚོགས། ཨན་ཤིན་གོ་སོགས་མཛད་སྒོར་ཞུགས་པ་རེད། གྲོང་ཨུད་རྒྱུན་ཨུ། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུའེ་ཡིས་སྨོན་ཚིག་གསུངས་པ་རེད།
སྔ་དྲོའི་ཆུ་ཚོད་10ཏག་ཏག་ལ། རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་། དེ་གར་ཡོད་པའི་མི་སྣས་གཟབ་ནན་ངང་ལངས་ཏེ་རྒྱལ་དར་ལ་གུས་ལུགས་མཚོན་པར་བྱས།
སྨོན་ཚིག་ནང་ལོ་65ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་བྱས་པ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དེ་སྔ་དང་མི་འདྲ་བར་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། (པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད) དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་སྡམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་འཕོ་འགྱུར་ཆེན་པོ་བྱུང་ནས་མི་ཡུལ་གྱི་ངོ་མཚར་སྔར་ན་མེད་པ་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་དང་སྐོང་འཚོགས་གནང་བ། ཁོང་སྐུ་ངོ་མ་གངས་ལྗོངས་ས་མཐོར་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་ཐོག་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡར་ཀླུང་བུ་ཕྲུག་ཁྲི་ཚོ་36གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་འདོད་ཡོད་ཀྱང་ཐག་གཅོད་བྱེད་ཐུབ་མེད་པའི་དཀའ་གནད་མང་པོ་ཞིག་སྒྲོལ་བ་དང་། དེ་སྔ་སྒྲུབ་འདོད་ཡོད་ཀྱང་འགྲུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པ་ལས། ད་ཆ་ལྷོ་ཁའི་ཆབ་སྲིད་ཞི་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། གྲུབ་མཐའ་འཆམ་མཐུན། སྣོད་བཅུད་བཟང་པོ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་པ་རེད། ལྷོ་ཁར་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ལྷོ་ཁའི་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཚེ་གཞི་ནས་ལྷོ་ཁ་འཕེལ་རྒྱས་དང་བོད་ལྗོངས་དར་རྒྱས་ཡོང་བའི་བདེན་དོན་ར་སྤྲོད་བྱས་ཡོད།
ལེ་དབར་ཁྲི་ཡི་ལམ་དུ་སྐྱོད་པ་ལས། ཀྱག་ཀྱོག་བདེ་སྡུག་རྐང་རྗེས་ག་ལ་བརྗེད། ཆུ་འཐུང་དུས་ཆུ་རྩ་དྲན། བཀའ་དྲིན་བསམ་ནས་ཡར་རྒྱས་བརྩོན། སྨོན་ཚིག་ནང་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིའི”ཐོག་སེམས་ནུས་བསྒྲིལ་བ། “ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག”ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དེ་བས་སེམས་ཤུགས་ཀྱིས་ཁེངས་པའི་སྤྲོ་སྣང་དང་། དེ་བས་དཔའ་ངར་ཆེར་བསྐྱེད། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་རྒྱང་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་བམཁན་ཞིག་བྱས་ཏེ། རྒྱུགས་ལམ་གསར་པའི་ཐོག་འབད་འབུངས་ལྷོད་མེད་ཀྱིས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་ཡོད།
རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་སྐད་གསང་མཐོན་པོའིརྒྱལ་གླུ་ལས་ལྷོ་ཁའི་མི་རིགས་ཁག་གི་བུ་ཕྲུག་ཚོས་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་བྱས། རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་ཡར་བརྩོན་བྱེད་པ། འགན་འཁྲི་འཁུར་ཕོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཐོག་ཕྱོགས་ཡོངས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག་། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་སྐྲུན་ཆེད་ལེགས་སྐྱེས་འབུལ་དགོས།
མཛད་སྒོར་ཞུགས་མཁན་གྲོང་ཁྱེར་དབུ་ཁྲིད་གྲས་སུ་ད་དུང་བསོད་ནམས་རྡོ་རྗེ་དང་། ཀྲའོ་ཐན་ཝུའུ། འཇིགས་མེད། ཕུན་ཚོགས། ཏེང་ཅན་ཅུན། ཟླ་བ་ཚེ་རིང་། སངས་རྒྱས་ཆོས་འཕེལ་བཅས་ཡོད་པ་རེད། གྲོང་ཁྱེར(ཀྲུང་དབྱང་། ཆུས)ཐད་གཏོགས་ཚན་པ་དང་སྣེ་གདོང་ཆུས་ཀྱི་ལས་བྱེད་ལས་བཟོའི་འཐུས་མི། བཅའ་སྡོད་དཔུང་སྡེའི་འཐུས་མི། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། མེ་ཟོན་བཀོད་འཐབ་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་རྒན་གྲས་ཀྱི་འཐུས་མི། ཞིང་འབྲོག་པའི་འཐུས་མི། གྲྭ་བཙུན་གྱི་འཐུས་མི། ཁོར་ཡུག་འཕྲོད་བསྟེན་བཟོ་པའི་འཐུས་མི། སློབ་མའི་འཐུས་མི་སོགས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་ཡོད་པ་རེད། བསོད་ནམས་བསྟན་པས་བསྒྱུར། བསོད་ཡེས་ཞུས།