འདས་ཟིན་པའི་ལོ་གཅིག་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་འགོ་རྩོམ་པའི་ལོ་རེད་ལ། སྐབས་འདིའི་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ལོ་དང་པོའང་རེད། ཤིན་ཏུ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱིའི་གནོན་ཤུགས་ལ་ཁ་གཏད་གཅོག་པ་དང་ནང་གི་དཀའ་ངལ་ཁྱད་དུ་བསད་ནས་དཀའ་སྤྱད་འབད་བརྩོན་བྱས་ཡོད། ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བརྟན་པོར་བསྒྱུར་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དང་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད།
◆དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་ལེགས་འཕེལ་བྱུང་བ།
◆དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།
◆ཚན་རྩལ་གསར་གཏོད་ཐད་འགག་སྒྲོལ་གསར་པ་བྱུང་བ།
◆སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ།
◆བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་ཞིང་བརྟན་དུ་བཏང་བ།
◆སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བྱས་པ།
◆དམངས་འཚོ་འགན་སྲུང་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱས་པ།
འདས་ཟིན་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་ཚེ། དཀའ་ངལ་དང་འགྲན་སློང་སྣ་ཚོགས་མཉམ་དུ་གནས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་རླབས་ཕྲེང་ལྟར་གོང་འཕེལ་དང་ཀྱག་ཀྱོག་ལྟར་མདུན་སྐྱོད་བྱས་ཡོད་ཅིང་། གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན།
ལག་ལེན་ལས་གསལ་སྟོན་གང་ལེགས་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ལ་དཀའ་ཉེན་གང་རུང་ལས་རྣམ་པར་རྒྱལ་བའི་སྤོབས་པ་དང་། བློ་གྲོས། འཇོན་ཐང་བཅས་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་རླུང་བརྟེན་རླབས་གཤག་བྱུང་ནས་མ་འོངས་པར་རེ་བ་ཆེན་པོས་ཁེངས་ཡོད།
ལོ་གཅིག་རིང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།
▶གཅིག་ནི་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་བ།
▶གཉིས་ནི་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་འགྲོ་བའི་སྒུལ་ནུས་གསར་པ་ཆེ་རུ་བཏང་བ།
▶གསུམ་ནི་སྒྱུར་བཅོས་ཟབ་སྤེལ་དང་སྒོ་རྒྱ་ཆེར་འབྱེད་དེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་པ།
▶བཞི་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་རིགས་སྒྱུར་མགྱོགས་སུ་བཏང་བ།
▶ལྔ་ནི་དམངས་འཚོ་འགན་སྲུང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
▶དྲུག་ནི་ཕྱོགས་ཡོངས་ནས་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ཡོད།
ལོ་གཅིག་རིང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་མཇལ་འཛོམས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དབུ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སོགས་ཕྱོགས་མང་པོའི་ཕྱོགས་གཉིས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་བདེ་བླག་སྤེལ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ཤིང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་རྒྱ་སྐྱེད་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།
འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ཞིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད།
★ 2023ལོའི་དཔལ་འབྱོར་དམིགས་ཚད་དང་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ།
འདས་ཟིན་པའི་ལོ་གཅིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད།
▶དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།
▶དཔལ་འབྱོར་སྤྱིའི་ཆ་ནས་བསྐྱར་འཕར་ལེགས་འཕེལ་བྱུང་བ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་ནས་5.2%འཕར་ཏེ་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1244གསར་དུ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་5.2%ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་0.2%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད།
སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་ཕྱིན་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། འབྱུང་འགྱུར་གྱི་ཐོན་ལས་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཐོན་ལས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། རྒྱལ་ཐོན་C919རྟགས་ཅན་གནམ་གྲུ་ཆེན་པོ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། རང་རྒྱལ་ནས་ཐོན་པའི་སྦྲག་གྲུ་ཆེ་གྲས་བདེ་བླག་ངང་བསྐྲུན་པ། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་འཚོང་བྱས་ཚད་གོ་ལ་ཧྲིལ་པོའི་བསྡུར་ཚད་ལས་60%བརྒལ་ཡོད།
▶ཚན་རྩལ་གསར་གཏོད་ཐད་འགག་སྒྲོལ་གསར་པ་བྱུང་བ།
རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་དང་། རླངས་འབར་སྒུལ་ཤུགས་འཕྲུལ་འཁོར། ཉིང་རྡུལ་གློག་འདོན་འཕྲུལ་འཁོར་ཚན་པ་རབས་བཞི་པ་སོགས་རྩེར་སོན་སྒྲིག་ཆས་ཞིབ་འཇུག་བཟོ་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིས་བཟོས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་མདུན་གྲལ་ཁྱབ་ཁོངས་སུ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་ཡོད། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་དངུལ་གྲངས་28.6%འཕར་ཡོད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
▶སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ།
རེས་སྐོར་གསར་པའི་སྒྲིག་གཞི་སྒྱུར་བཅོས་དེ་ཀྲུང་དབྱང་རིམ་པ་ནས་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ས་གནས་སུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བཏོན་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་བཀོད་པ་སྔར་ལས་འཐུས་སྒོ་ཚང་དུ་བཏང་ཡོད། ཕྱིར་གཏོང་གིས་རྒྱལ་སྤྱིའི་ཚོང་རའི་ཐོབ་སྐལ་བརྟན་པོ་སྲུང་འཛིན་བྱས་ཡོད། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་གྲུབ་ཆ་ལེགས་སྒྲིག་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་ཤུཌ་རྐྱེན་དང་བློ་ཁ་འགུག་ནུས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
▶བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་སོང་བ།
འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ནུས་རྒྱུ་དང་ཐོན་ཁུངས་མཁོ་འདོན་བརྟན་འཇགས་བྱུང་ཡོད། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན་གྱི་རང་རྟེན་ཚོད་འཛིན་ཐུབ་པའི་ནུས་པ་ཆེ་རུ་ཕྱིན་ཡོད། དཔལ་འབྱོར་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་བསལ་ཡོད། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།
▶སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་བཅོས་བྱས་པ།
སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་སྤེལ་བ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ། ས་ངོས་ཀྱི་ཆུ་དང་མཚོ་འགྲམ་མཚོ་ཁོངས་ཀྱི་ཆུ་སྤུས་རྒྱུན་མཐུད་ལེགས་འགྱུར་བྱུང་ཡོད། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་ལས་ཀ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་ཤིང་། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་མེ་ཤུགས་གློག་འདོན་ལས་བརྒལ་བ་དང་། ལོ་ཧྲིལ་པོར་འཕྲུལ་འཁོར་གསར་སྣོན་བྱུང་ཚད་གོ་ལ་ཧྲིལ་པོའི་ཕྱེད་ཀ་ལས་བརྒལ་ཡོད།
▶དམངས་འཚོ་འགན་སྲུང་ནུས་ལྡན་དང་ཕན་འབྲས་ཐོན་པར་བྱས་པ།
གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་6.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་མུ་མཐུད་ཆུང་དུ་སོང་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། དབུལ་བྲལ་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་8.4%འཕར་ཡོད། འོས་འགན་སློབ་གསོ་དང་། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས་སོགས་ནོར་སྲིད་ཀྱི་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། རོགས་སྐྱོབ་འགན་སྲུང་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཡོད། “རྒན་གཅིག་བྱིས་གཅིག”གི་སྒེར་འབབ་དཔྱ་ཁྲལ་གྱི་ཆེད་དམིགས་ཟུར་སྣོན་འཕྲི་འཐེན་གྱི་ཚད་གཞི་ཇེ་མཐོར་བཏང་སྟེ། ཁྲལ་འཇལ་མཁན་ཁྲི་6600ལྷག་ཙམ་ལ་ཕན་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།
མུ་མཐུད་འགོད་རྒྱུ།
རིགས་གཞུང་དང་ལག་ལེན།