འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3པའི་ཚེས་20ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་བསྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། རེ་འདུན་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཚོགས་འདུ་དང་ཡིག་ཆའི་དགོངས་དོན། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དང་གསུང་བཤད་དགོངས་དོན། ལྗོངས་ཏང་ཨུད་རྒྱུན་ཨུད་ཚོགས་འདུ་ཐེངས་75དང་76དགོངས་དོན། དེ་མིན་ཚོགས་འདུ་གཞན་དག་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་སྒོས། ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུས་ནན་བཤད་བྱས་དོན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱས་ཐོག ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་བྱེད་ནུས་མཐོར་འདེགས་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་སོགས་རྣམ་གྲངས་ཁག་གི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བའི་རྣམ་གྲངས་ཁག་ཅིག་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱས་ཏེ། གླིང་མདའ་སོགས་ཀྱིས་མཚོན་པའི་ཆུ་དང་ཉི་འོད། རླུང་བཅས་དང་འབྲེལ་བའི་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་ནང་ཞུགས་སྐབས་དང་དམངས་གཙོའི་བཅོས་སྒྱུར་ཚན་རྩལ་སྒྲིག་ཁོངས་ཁོར་ཡུག་ཐོན་ཁུངས་ཚོ་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་2024ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་བསྒྲུབས་ཡོང་རྒྱུར་འབད་བརྩོན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་སོགས་འགོ་ཁྲིད་བློ་མཐུན་གྱི་ལས་སྒྲུབ་སྙན་ཞུར་གཟིགས་སྐབས་གནང་བའི་མཛུབ་སྟན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། དོན་དག་གལ་ཆེན་དགོངས་སྐོར་སྙན་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ལས་དོན་ཁག་སྐུལ་སྤེལ་གོ་རིམ་ལྡན་པ་དང་དོན་འཁྱོལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་སྐོར་གཟིགས་ལས་དོན་སྲོལ་ཡིག་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲེལ་ཡོད་རེ་འདུན་ལ་བལྟོས་ནས་རང་བཤེར་རང་བཅོས་དང་ཡོ་བསྲང་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུས་གྲོང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་ཀའི་གཙོ་གནད་ལ་གྲོས་ཞིབ་བརྒྱུད་སྤྱིར་གྲོས་འཆམ་བྱུང་བ་རེད། ཚོགས་འདུས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དང་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གློག་རླངས་ཅན་འཛུགས་སྐྱོང་གི་གོམ་སྟབས་མྱུར་དུ་གཏོང་དགོས་པ་དང་། ཐོན་སྐྱེད་འཚོ་བ་འབྱུང་འཕྲོད་ཅན་དུ་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་དགོས། གློག་གསོག་བྱེད་སའི་སྒྲིག་བཀོད་སོགས་རྨང་གཞིའི་ལེ་ལག་འཛུགས་སྐྲུན་མྱུར་སྤེལ་བྱས་ཏེ། ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་འཚོང་དང་འཛད་སྤྱོད་གཞི་ཁྱོན་རྒྱ་སྐྱེད་གཏོང་དགོས། ཟོག་འདྲེན་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲིམ་འགྲུལ་མ་ལག་འཐུས་ཚང་བཟོས་ནས་ཟོག་འདྲེན་གྱི་མ་གནས་ཉུང་དུ་གཏོང་དགོས།
ཚོགས་འདུས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་ཀྲུང་དབྱང་ཏང་གི་སློབ་གྲྭའམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གསོ་སྦྱོང་འཛིན་གྲྭའི་གཞོན་ནུ་དར་མའི་ལས་བྱེད་པར་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞོན་ནུ་ལོ་ཆུང་ཚོས་རང་འགུལ་ངང་ཏང་གི་རིགས་གཞུང་གསར་པ་ལག་ལེན་དུ་བསྟར་མཁན་ཞིག་ཆགས་རྒྱུར་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་གསོའི་ལས་དོན་སྲོལ་ཡིག་གི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དག་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེ་ཤོས་སུ་འགྱུར་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བསམ་འཆར་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། རང་གཅུན་རང་སྡོམ་ཐོག་ནས་སྤྱོད་གཙང་ཞབས་ཞུ་བསྒྲུབས་དགོས།
ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་ཞིང་། ནན་བཤད་བྱས་དོན། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་རྒྱུན་མཐུད་འགན་སྲུང་བྱེད་དགོས་པ་དང་། ཁྲིམས་དང་གཏན་འབེབས་གཞིར་བཟུང་ཡིག་བསྐུར་ངོ་བཅར་དང་བརྟན་ལྷིང་སྲུང་སྐྱོང་དང་འབྲེལ་བའི་གནད་དོན་ཁག་ཐག་གཅོད་ཡང་དག་བྱེད་དགོས་པ། མེ་ཟོན་དང་། གཞུང་ལམ་འགྲིམ་འགྲུལ། མི་སྣ་འདུ་ཚོགས་ཆེ་ཁུལ། རྡོ་སོལ་མིན་པའི་གཏེར་རི། ཨར་སྐྲུན་ཁྱབ་ཁོངས་སོགས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་དང་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་ཞུ་གསན་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བྱ་དགོས་པ་བཞི་ལ་དམ་ཟབ་དམིགས་ཐོག བཀོད་སྒྲིག་མྱུར་པོ་དང་། དབྱེ་འབྱེད་གསལ་པོ། རིམ་པ་བཞིན་དོན་འཁྱོལ་བཅས་བྱས་ནས་ལྷོ་ཁའི་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས། ས་ཁོངས་དོ་དམ་གྱི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་དགོས་པ་དང་། ད་ཡོད་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། ཤིང་འཛུགས་ནགས་བཟོ་དང་བྱེ་བཅོས་བྱེ་འགོག་བྱེད་ཤུགས་ཆེ་རུ་བཏང་བའི་ཁར། སྐྱེ་ཁམས་ནགས་གླིང་དང་དཔལ་འབྱོར་ནགས་གླིང་ཟུང་འབྲེལ་གྱིས་ཡར་ཀླུང་གཙང་པོའི་ས་སྟོང་ཐོག་ཤིང་འཛུགས་རྩྭ་འདེབས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལམ་བུ་རྒྱ་སྐྱེད་བཏང་ནས་བདེ་སྡོད་ལས་བརྩོན་དང་མཛེས་མཐུན་ཤང་གྲོང་ཧུར་ཐག་བསྐྲུན་དགོས། སྲིད་ཇུས་གོ་སྐབས་དམ་པོར་བཟུང་སྟེ། འཆར་འགོད་འོས་འཚམ་ཐོག ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐུན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། བྱ་ཐབས་སྣ་ཚོགས་བསྟར་ནས་ཚོང་འགུག་མ་འདྲེན་ཤུགས་ཆེར་གཏོང་དགོས།
ཚོགས་འདུའི་ཐོག་ཡར་ཀླུང་གཙང་པོའི་བར་རྒྱུད་དུ་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་སྐབས། ནན་བཤད་གནང་དོན། ཤིང་འཛུགས་ནགས་བཟོའི་རྗེས་མཐུད་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཤིང་གི་གསོན་ཚད་མཐོར་འདེགས་བྱ་དགོས།
ཚོགས་འདུས་བླང་བྱ་བཏོན་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་ལག་བསྟར་བྱས་ཏེ། གཞི་རིམ་དུ་བརྟག་ཞིབ་སྤེལ་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་དགོས། ཉེ་དུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སླར་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེས་ཞུས།