འདི་ན། མི་རིགས་སྣ་ཚོགས་འཛོམས་ཤིང་། ཕན་ཚུན་རོགས་རེས་དང་འཆམ་མཐུན་གྱིས། ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་གྱི་ཕུགས་འདུན་གཅིག་ལ་འགྲིལ།
འདི་ན། མི་རིགས་ཁག་གི་བུ་ཕྲུག་ཚོས། སེམས་ནུས་གཅིག་ལ་སྒྲིལ་ནས་ཡར་ཐོན་ལ་བརྩོན་ནས། མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་རིང་དུ་བསྲིང་།
འདི་ན། ལོ་རྒྱུས་ཀྱི་ཆུ་མོའི་འགྲོས་དང་སྡེབ་ནས། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ངོ་མཚར་ཆེ་བའི་རིག་གནས་ལས་འོད་ཟེར་འཕྲོ།
འདི་ན། ལོ་ངོ་སྟོང་གི་སྟར་སྡོང་གི་ཡུལ་དང་། ས་མཐོའི་ཆུ་གློག་གི་བསྟི་གནས། སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མཐོ་ས་བཅས་ལ་འབོད་པའི་སྙན་པའི་བ་དན་རྒྱ་ཚྭའི་ཡུལ་ནས་གཡོ།
ཉེ་བའི་ལོ་ཤས་ནང་། རྒྱ་ཚྭ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱངས་རྒྱུ་འདི་གཙོ་ཐིག་ཏུ་བཟུང་སྟེ། དམངས་འཚོའི་བདེ་རྩ་སྔར་བས་ཡག་ཏུ་གཏོང་རྒྱུ་འདི་ཤུགས་རྒྱག་སར་བརྩིས་ནས་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ལྡན་པའི་འདུ་འགོད་རྩོམ་གྱིན། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སེའུ་འབྲུའི་རྡོག་ལྟར་མཐུན་སྒྲིལ་དམ་ཟབ་བྱས་པས། ངོ་མཚར་དཔལ་གྱིས་ཕྱུག་པའི་མི་རིགས་མཐུན་ སྒྲིལ་གྱི་མེ་ཏོག་རྒྱ་ཚྭ་ཡུལ་ནས་རབ་ཏུ་བཞད་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱས་པ།
རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་སྡེ་ཚན་2དང་སྔོན་ཐོན་མིག་དཔེ་བ་1འཛུགས་བཏོད་བྱས་ཡོད་པ་དང་། གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་སྡེ་ཚན་14དང་སྔོན་ཐོན་མིག་དཔེ་བ་2འཛུགས་བཏོད་བྱས་ཡོད་པ། རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེའི་སྡེ་ཚན་82(མིག་དཔེའི་ཁྱིམ་དུད་10)དང་སྔོན་ཐོན་མིག་དཔེ་བ་15འཛུགས་བཏོད་བྱས་ཡོད་པ་རེད། མིག་དཔེའི་མི་སྒེར་1ལ་རྒྱལ་ཁབ་རིམ་པའི་གཟེངས་བསྟོད་སྤྲད་ཡོད་པ་དང་། མིག་དཔེའི་མི་སྒེར་7ལ་རང་སྐྱོང་ལྗོངས་རིམ་པའི་གཟེངས་བསྟོད་རག་པ། མིག་དཔེའི་མི་སྒེར་12ལ་གྲོང་ཁྱེར་རིམ་པའི་གཟེངས་སྟོད་རག་པ། མིག་དཔེའི་མི་སྒེར་167ལ་རྫོང་རིམ་པའི་གཟེངས་སྟོད་རག་པ་སོགས་མང་ངོ་།གྲུབ་འབྲས་འདི་དག་ནི། ཉེ་བའི་ལོ་ཤས་ནང་རྒྱ་ཚྭ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ་ལས་བྱུང་ཞིང་། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་བྱས་ནས་དེ་འབྲེལ་གྱི་ཇུས་གཞི་དང་ལས་དོན་ཚོ་ཆུང་བཙུགས་ཐོག ཆེད་དོན་མ་དངུལ་སྒོར་ཁྲི་485ནོར་སྲིད་སྔོན་རྩིས་ནང་བཅུག་ཡོད་པ་རེད། ད་ལྟའི་ཆར། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་བཞིན་དོ་དམ། འཐབ་ཕྱོགས་གཅིག་གྱུར་ཚན་པས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་ཚན་པས་འགན་ནུས་གཙང་སྒྲུབ། སྡེ་ཚན་ཁག་གིས་གཞོགས་འདེགས་དང་མཉམ་ལས་ཤུགས་ཆེན། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཞུགས་པ་བཅས་ཀྱི་འཛུགས་གཏོད་ལས་རྣམ་ཆགས་ཡོད་པ་རེད།དུས་མཚུངས། རྒྱ་ཚྭ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་རྒྱུ་འདི་ཏང་འཛུགས་སྐྱོང་ལས་དོན་དང་། དྲིལ་བསྒྲགས་སློབ་གསོ། ཤེས་དཔལ་འཛུགས་སྐྱོང་། གྲོང་ཁྱེར་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་བཅས་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་འཛུགས་གཏོད་ནང་ཧུར་ཐག་ཞུགས་རྒྱུ་དང་རང་འགུལ་ངང་འཛུགས་གཏོད་ལ་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་ཡག་པོ་བྱས་པས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་འཛུགས་གཏོད་ནང་ཞུགས་པའི་སྤྲོ་སེམས་དང་འཛུགས་གཏོད་བྱེད་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱུང་ཡོད་པ་རེད།
སེམས་ལ་ཟུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དབྱངས་རྟ་ཆེས་ཆེར་དཀྲོལ་བ།
མི་རིགས་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ལ་ཐུག་ཡོད་པ་དང་། མི་སེམས་གཅིག་འགྲིལ་བྱ་རྒྱུ་ནི་ཐབས་དམ་པ་འདིའོ། རྒྱ་ཚྭ་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱངས་རྒྱུའི་སློབ་གསོ་འདི་ཏང་གི་སློབ་གྲྭའི་ངེས་སྦྱོང་སློབ་ཚན་ནང་བཅུག་ཡོད་པ་མ་ཟད། ཏང་ཨུད་དམ་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་དང་ཏང་ཀྲེ་པུའུ་ཡི་སློབ་ཚན་གཅིག་དང་ཚོགས་འདུ་གསུམ་གྱི་ནང་དོན་གྲས་སུ་བཅུག་ནས། མི་རིགས་ལས་དོན་ལེགས་གཏོང་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སོགས་མི་སེམས་ལ་འཇགས་པའི་ལས་གཞི་ཆེ་གྲས་བཞི་ལག་བསྟར་ཐད་སྐུལ་འདེད་གཏིང་ཟབ་བྱས་པ་དང་འབྲེལ། ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་འདེབས་འཛུགས་སོགས་བྱ་སྤྱོད་མི་འདྲ་བ་དྲུག་ཏན་ཏིག་སྤེལ་བས། མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ལྔ་ལ་འབོད་པ་ཇེ་ཟབ་ཏུ་སོང་ཡོད་པ་རེད། དེ་མིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོན་རྟགས་སུ་བྱས་པའི་སྟར་སོན་དང་སེ་འབྲུའི་སོན་བཟང་བདམས་ནས་འདེབས་འཛུགས་བྱས་པ་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ས་30བཀོད་སྒྲིག་བྱས་ནས། རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་ཁོར་ཡུག་རྣམ་པ་ཡག་པོ་བཏོད་ཡོད་པ་རེད།
དྲ་འཕྲིན་རྒྱ་ཚྭ་དང་རྒྱ་ཚྭའི་མཉམ་འདྲེས་སྨྱན་སྦྱོར་སོགས་ལ་འབོད་པའི་གཞུང་ཕྱོགས་སྨྱན་སྦྱོར་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་འབྲེལ་བའི་སྙན་སྒྲོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། ལེ་ཚན་གསར་གཏོད་དང་། འཐབ་ས་སྟོབས་ཆེར་བཏོད་པ་སོགས་ཀྱི་ཐོག་ནས་དྲིལ་བསྒྲགས་ལས་དོན་ལ་མཉམ་ཤུགས་ཆེན་པོ་བསྒྲིལ་ཡོད་པ་རེད། ད་དུང་། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱངས་རྒྱུ་དེ་སློབ་གསོའི་ལས་དོན་དང་ཟུང་འབྲེལ་ཡག་པོ་བྱས་ཡོད་པས། ཀྲུང་ཧྭ་ཁྱིམ་ཚང་ཆེ་མོར་དགའ་བའི་ས་བོན་ན་གཞོན་སློབ་ཕྲུག་ཚོའི་དཀར་གཙང་སེམས་ངོར་འདེབས་འཛུགས་ཡག་པོ་བྱས་ཡོད་པ་རེད།
གཞན་ཡང་། རིམ་ཁག་ཚན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་སོགས་གཞི་རྟེན་ཡག་པོ་སྤྱད་དེ། གྲོང་ཁུལ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་དང་ཞིང་འབྲོག་ཁུལ་དུ་མི་རིགས་མཐུན་སྒྲིལ་མཉམ་ཤུགས་འགྲིལ་བའི་བྱ་སྤྱོད་གཉིས་ཟུང་འབྲེལ་བྱས་ཤིང་། ལྷག་དོན་དུ་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་རབ་དང་རིམ་པ་སྤེལ་ཐོག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་ཟབ་སྤེལ་བརྒྱུད། མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་མཉམ་འདྲེས་རང་བཞིན་དང་དངོས་ཕན་རང་བཞིན་ཟབ་ཏུ་སོང་ཡོད་པ་རེད།
མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཇེ་ཟབ་ཏུ་བཏང་བ།
སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ལ་འགྲིལ། །མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། །དེའང་། རིམས་ནད་འགོག་ཟོན་རིང་། རྒྱ་ཚྭའི་མི་རིགས་ཁག་གི་བུ་ཕྲུག་ཚོས་འདི་ཁྱེད་དང་དེ་ངའི་ཡིན་ཞེས་མ་དབྱེ་བར། རོགས་རམ་དགོས་སར་རོགས་རམ་གང་ཐུབ་དང་། མཉམ་དུ་འགོག་ཟོན་ལས་དོན་གྱི་དང་བླངས་ཞབས་ཞུར་ཤུགས་སྣོན་བརྒྱབ་པས། མི་རིགས་ཁག་དབར་གྱི་མང་ཚོགས་རྣམས་ཁྱིམ་ཚང་གཅིག་གི་ནང་མི་ལྟར་ཆགས་ཡོད་པ་རེད།ད་དུང་། བོད་སྐྱོར་དགེ་མཚན་དུ་མ་འདོན་སྤེལ་ཡག་པོ་བྱས་ཏེ། དབྱི་ཁྲང་གྲོང་ཁྱེར་དང་འབྲེལ་འདྲིས་ཟབ་ཏུ་བཏང་ཡོད་པ་དང་། ལྷག་དོན་དུ་ཁྲང་ཅང་སློབ་ཆེན་དང་ཨན་ཅི་ཚོགས་པ་སོགས་ཀྱིས་རྒྱ་ཚྭའི་སྟར་སྣུམ་ལས་སྣོན་གྱི་ལག་རྩལ་གསར་སྤེལ་ཐད། མ་དངུལ་དང་། ཤེས་ལྡན་མི་སྣ། ཁྲོམ་ར་སོགས་མཁོ་འདོན་བྱས་ཡོད་པས། ཐོན་ལས་འཕེལ་རྒྱས་གཏོང་ཕྱོགས་ལ་འདེགས་སྐྱོར་ནུས་ལྡན་བྱུང་ཡོད། དུས་མཚུངས། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་སློབ་སྦྱོང་དང་ཞིབ་འཇུག་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བས། དབྱི་ཁྲང་དང་རྒྱ་ཚྭ་ས་གནས་གཉིས་དབར་བར་ཐག་ལེ་དབར་སྟོང་ཆོད་ཀྱང་། མཐུན་སྒྲིལ་བརྩེ་བ་ཡར་ངོའི་ཟླ་ལྟར་འཕེལ་ཡོད་པ་རེད།གཞན་ཡང་། རྒྱ་ཚྭ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་འདི་མི་རིགས་མཐུན་སྒྲིལ་ལས་དོན་དང་མཉམ་འདྲེས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་ཞིང་། མི་རིགས་མཐུན་སྒྲིལ་གྱི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཡོད་པ་དང་། ཡོད་དགོས་པ་དགུ་དང་ཞབས་ཞུའི་དཔེ་གཞི་སྣ་ཚོགས་སྣོལ་མའི་ཐོག་ནས་བྱེད་སྒོ་སྣ་མང་གཞི་རིམ་དུ་སྤེལ་བས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ཞོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་རྒྱ་ཁྱབ་ངང་སྤེལ་ཡོད་པ་རེད།སེམས་སྐྱེད་ཆེས་ཆེར་འཕེལ་བས་མདུན་ལམ་ཡངས། ད་ལྟའི་ཆར། རྒྱ་ཚྭར་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡག་པོ་ཚུགས་ཤིང་། རྒྱང་ལམ་གསར་པའི་ཐོག མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱི་དུང་བརྡ་སྒྲོགས། ཐུན་མོང་ཐོག་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གཏམ་རྒྱུད་དེ་བས་མང་བ་རྩོམ་བཞིན་ལགས། །