འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
འཐུས་མི་ཚོས་འགྱུར་ལྡོག་དང་།འཕེལ་རྒྱས། ཕུགས་འདུན་བཅས་གླེང་ནས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་པ་དང་། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)ཟིན་ཐོ་ཞིབ་ཕྲ་བཀོད་ཀྱིན་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ལྷོ་ཁའི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། བློ་བཟང་རྒྱལ་མཚན་གྱིས་འདས་ཟིན་པའི་ལོ་གཅིག་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ལོ་ཞིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྕག་སྐུལ་ཆེན་པོ་ཐེབས་པ་དང་། ངར་ཤུགས་རབ་ཏུ་འཕེལ་བ། སེམས་ཤུགས་ལྡབ་བརྒྱ་འཕེལ་བ་བཅས་ཀྱི་གལ་ཆེའི་ལོ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་། ལོ་ལྔ་ཚན་བཅུ་བཞིའི་འཆར་འགོད་ལག་བསྟར། ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་ལོ་ཞིག་རེད། ང་ཚོས་གཏན་འཁེལ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དག་བོད་ཀྱི་ལས་དོན་གྱི་དོན་རྩ་གཙོ་བོར་བརྩིས་ནས་དོན་ཆེན་བཞིར་དམ་པོར་དམིགས་པ་དང་འཛུགས་གཏོད་བཞིར་སེམས་ནུས་སྒྲིལ་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན། བྱ་གཞག་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། གཞི་རིམ་དང་། མང་ཚོགས། འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་བྱ་ཐབས་ནུས་ལྡན་སྤྱད་པ། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་དེ་བརྟན་པོ་བཙུགས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ་དང་། “མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ”བཅས་གསུམ་གྱི་རྨང་གཞིའི་རང་བཞིན་དང་། རྩ་བའི་རང་བཞིན། འགག་རྩའི་རང་བཞིན་བཅས་ལ་དམ་པོར་དམིགས་ནས་སློབ་གསོར་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་རྒྱུ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམ་པོར་དམིགས་ནས་གཏན་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ཡར་ཐོན་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོར། མུ་མཐུད་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།
ལའེ་ཅའོ་དང་བསྟན་ཁོ། ཞུས་ཁྲེང་ཚང་། འཇམ་དཔལ། ཚེ་རིང་ཕུན་ཚོགས་བཅས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།
བདེ་དཔལ་གྱིས་བསྒྱུར། བསོད་བསྟན་དང་བསོད་དོན། ཡེ་བཟང་བཅས་ཀྱིས་ཞུས།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་གནས་ཚུལ་ཡིན་པ།