གཅིག དགུན་དུས་རིམས་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ།
༡ དགུན་དུས་ནི་དབུགས་ལམ་གྱི་འགོ་ནད་ཐོན་མང་བའི་དུས་ཚིགས་ཤིག་ཡིན་ཞིང་། རྒྱུན་མཐོང་དབུགས་ལམ་གྱི་འགོ་ནད་གྲས་སུ། ཆམ་རིམས་དང་། སིབ་ཐོར་། ཆུ་ཐོར། རླུང་འབྲུམ། མཆེད་གཤིས་ཀླད་རྒྱུངས་སྐྱི་མོའི་གཉན་ཚད། གློ་བའི་ཚ་ནད། གློ་བའི་འདུས་འདྲིལ་ནད་སོགས་ཡོད། དེའི་ཁྲོད་ཆམ་རིམས་ནད་དུག་གིས་བསྐྱེད་པའི་ཆམ་རིམས་ལ་འགོས་ནད་རང་བཞིན་ཆེན་པོ་ལྡན་ཡོད་ཅིང་། དེའི་རིམས་ནད་ཐོན་ཚད་ནི་འགོས་ནད་ཀྱི་ཨང་དང་པོ་ཟིན་གྱི་ཡོད།
༢ དབུགས་ལམ་འགོས་ནད་ཀྱི་ནད་ཐོག་མངོན་ཚུལ་ནི། ཚ་བ་རྒྱས་པ། ཤུགས་མེད་པ། མགོ་ན་བ། གློ་ལུ་བ། སྣ་ཆུ་བཞུར་བ་སོགས་དབུགས་ལམ་སྟོད་ཀྱི་ནད་རྟགས(གློ་ལུ་བ་དང་སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ། སྣ་འགག་པ་སོགས་ཀྱི་ནད་རྟགས)ཐོན་གྱི་ཡོད།
༣ དབུགས་ལམ་གྱི་འགོ་ནད་མཆེད་སྟངས། དབུགས་ལམ་གྱི་འགོ་ནད་དེ་གཙོ་བོ་མཁའ་རླུང་ནང་གི་ཁ་ཆུ་དང་ཐལ་རྡུལ་བརྒྱུད་ནས་འགོ་ཁྱབ་བྱེད་ཀྱི་ཡོད། ནད་པས་སྐད་ཆ་ཤོད་པ་དང་། གློ་ལུ་བ། ཧབ་སྦྲིད་རྒྱག་པ་བཅས་བྱེད་སྐབས་སྣ་དང་གྲེ་བའི་ནང་ནས་ནད་ཀྱི་གཞི་ཁམས་འདྲེས་པའི་མཆིལ་མ་མང་པོ་གཏོར་ཡོང་གི་ཡོད་ཅིང་། དེ་མཁའ་རླུང་ནང་དུ་ཁྱབ་འགྲོ་བར་བརྟེན་དབུགས་རྔུབ་ལེན་ཁྲོད་འགོ་ཁྱབ་ཕྱིན་ནས། ཁྱབ་རྒྱ་ཆེན་པོར་འགྱུར་ཡོང་གི་ཡོད།
གཉིས། སྔོན་འགོག་བྱེད་ཐབས་གཙོ་བོ་དང་བདེ་ཐང་གི་གོམས་གཤིས།
༡ གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱས་ཏེ་ག་དུས་ཡིན་རུང་གྱོན་གོས་སྣོན་འཕྲི་བྱས་ནས་མི་འཁྱགས་པ་བྱེད་དགོས། མིའི་ལུས་འཁྱག་པའི་སྐབས་སུ། དབུགས་ལམ་གྱི་ཁྲག་རྩ་སྐུམ་པ་དང་། ཁྲག་གི་འཁོར་སྐྱོད་ཇེ་ཉུང་དུ་འགྲོ་བ། ལུས་པོའི་ཆ་ཤས་ཁག་གི་འགོག་ནུས་ཇེ་ཆུང་དུ་འགྲོ་བ། ནད་དུག་བཙན་འཛུལ་བྱེད་སླ་བ་བཅས་ཡོང་གི་ཡོད།
༢ ཆུ་མང་ཙམ་འཐུང་དགོས། དགུན་དུས་གནམ་གཤིས་སྐམ་ཤས་ཆེ་བ་དང་། མཁའ་རླུང་ནང་ཐལ་རྡུལ་མང་པོ་ཡོད་པས། མིའི་སྣའི་འབྱར་སྐྱི་ལ་གནོད་འཚེ་ཕོག་སླ་བར་བརྟེན། ཆུ་མང་ཙམ་བཏུངས་ན། སྣའི་འབྱར་སྐྱི་བརླན་པར་གྱུར་ནས་ནད་དུག་གི་གནོད་འཚེ་འགོག་ཐུབ་པ་མ་ཟད། ད་དུང་ལུས་པོའི་ནང་གི་དུག་རྒྱུ་ཕྱིར་འབུད་དང་ལུས་པོའི་ནང་གི་ཁོར་ཡུག་གཙང་མ་བཟོ་བར་ཡང་ཕན་པ་ཡོད།
༣ ལག་པ་ཡང་སེ་འཁྲུ་བ་དང་ཚན་རིག་ལ་བརྟེན་ནས་ལག་པ་འཁྲུ་དགོས། དབུགས་ལམ་གྱི་འགོས་ནད་ཕོག་པའི་ནད་པའི་སྣབས་ལུད་སོགས་དབུགས་ལམ་གྱི་ཟགས་ཐོན་དངོས་པོའི་ནང་དུ་ནད་རྒྱུ་མང་པོ་འདུས་ཡོད་པས། ལག་པས་ཟགས་ཐོན་དངོས་པོ་རེག་པ་བརྒྱུད་བདེ་ཐང་གི་མི་ལ་འགོས་སྲིད་པས། ལག་པའི་གཙང་སྦྲར་དོ་སྣང་བྱེད་དགོས།
ལག་པ་འཁྲུ་སྟངས་ཀྱི་བརྒྱུད་རིམ་དྲུག
༡ ལག་མཐིལ་ཁ་སྦྱར་དང་། ལག་མཛུབ་ཕན་ཚུན་ནང་སྦྱར་བཏང་ནས། ཕན་ཚུན་འཕུར་དགོས།
༢ ལག་པ་ཡ་གཅིག་གི་ལག་མཐིལ་གྱིས་ལག་པ་གཞན་དེའི་ལག་རྒྱབ་གྱི་ངོས་དང་མཛུབ་གསིང་ཚང་མར་འཕུར་དགོས་པ་དང་། དེ་ལྟར་གཡས་གཡོན་བརྗེ་རེས་འཁྲུ་དགོས།
༣ ལག་མཐིལ་སྦྱར་ནས་མཛུབ་མོས་ཕན་ཚུན་སྣོལ་སྦྲེལ་འཕུར་དགོས།
༤ ལག་གཡས་པའི་ལག་མཐིལ་གྱིས་ལག་གཡོན་པའི་མཐེ་བོང་ནས་བཟུང་སྟེ་འཕུར་དགོས།
༥ ལག་གཡས་པའི་མཛུབ་མགོ་དེ་ལག་གཡོན་མའི་སྦར་མཐིལ་ནང་བླུགས་ནས་འཕུར་དགོས་ཤིང་། འདི་ལྟར་རེ་མོས་འཁྲུ་དགོས།
༦ ལག་ངར་རེ་མོས་ཀྱིས་འཁྲུ་དགོས།