འདི་ལོ་ལོ་40ལ་སླེབས་པའི་ཀུན་བཟང་བདེ་སྐྱིད་ཀྱི་ནང་མི་གསུམ་པོ་མཚོ་སྣ་གྲོང་ཁྱེར་ཆུ་དྲོ་མོ་ཤང་ནས་མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་ཤའོ་གྲོང་ཚོར་སྤོས་ནས་ལོ་གཉིས་འགྲོ་གི་ཡོད། ཉེ་ཆར་ཁོང་དང་བཟའ་ཟླས་སྡོད་ཁང་གསར་པར་སླར་ཡང་མཛེས་རྒྱན་སྤྲོས་བཞིན་ཡོད།
ཤའོ་གྲོང་ཚོ་ནི་དུས་རབས་གསར་པར་འཕེལ་རྒྱས་བྱུང་བའི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་2021ལོར་ཀུན་བཟང་བདེ་སྐྱིད་ཀྱི་ནང་མི་ཚོ་རང་མོས་ངང་དེ་གར་གནས་སྤོས།
ཀུན་བཟང་བདེ་སྐྱིད་ཀྱི་ཁྱིམ་དུ་སྐྱོད་སྐབས། ཁོང་གི་བཟའ་ཟླ་དང་གླ་མི་ཚོས་པང་ལེབ་དྲས་ནས་མཛེས་འཆོས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་ཡོད། མཛེས་རྒྱན་སྤྲོས་བཞིན་པའི་ཉིས་ཐོག་གི་ཁང་པ་འདིར་ཚོམས་ཆེན་དང་། ཐབ་ཚང་། གཡབ་སྟེང་བཅས་ཕུད། ད་དུང་ཁང་མིག་གསུམ་ཡོད།
“རྒྱལ་ཁབ་ནས་ཆེད་མངགས་ཁ་གསབ་སྤྲོད་ཀྱི་ཡོད། ང་ཚོའི་ཁང་པའི་བཟོ་དབྱིབས་མི་གསུམ་གྱི་ཚད་གཞིའི་ཁང་པ་རེད”ཀུན་བཟང་བདེ་སྐྱིད་སློབ་གྲྭར་དེ་ཙམ་འགྲོ་མྱོང་མེད་ཀྱང་། མཐའ་དར་དམངས་ཕྱུག་སྲིད་ཇུས་ལ་རྒྱུས་མངའ་ཆེན་པོ་ཡོད། “སྨན་རིན་མི་དགོས་པའི་སྨན་བཅོས་འགན་བཅོལ་དང་། མཐའ་མཚམས་མི་སེར་གྱི་ཁ་གསབ། ལེ་ལག་ཚང་བའི་ཐོན་ལས་སོགས་ཀྱི་སྲིད་ཇུས་དུད་ཚང་ཚང་མར་དོན་འཁྱོལ་བྱས་སོང་། འདི་གར་གཞིས་ཆགས་ན་ང་ཚོ་བློ་བདེ་པོ་འདུག”ཅེས་བརྗོད།
“ཁང་པའི་ནང་དུ་ཐད་ཀར་བསྡད་ཆོག་ཀྱང་། ལོ་གཉིས་སོང་རྗེས་སླར་ཡང་མཛེས་རྒྱན་སྤྲོས་དགོས་དོན་གང་ཡིན”ཞེས་གསར་འགོད་པས་དྲིས།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)གསར་འགོད་པར་ཕྱོགས་ནས། ཀུན་བཟང་བདེ་སྐྱིད་ཀྱིས“དེ་སྔ་ང་ཚོ་སྡོད་སའི་གྲོང་ཚོའི་འཚོ་བའི་ཆ་རྐྱེན་ཡག་པོ་དེ་ཙམ་མེད་ཅིང་། ཤའོ་གྲོང་ཚོར་སྤོས་རྗེས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པ་དང་རང་ཉིད་ཀྱིས་འབད་བརྩོན་བྱས་པས། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང་ལ། འཚོ་བའི་ཁོར་ཡུག་ལ་ཡང་རེ་བ་དེ་བས་མཐོ་རུ་ཕྱིན་སོང”ཞེས་བརྗོད། ཀུན་བཟང་བདེ་སྐྱིད་ཀྱིས་ནང་ལས་བྱེད་མཚམས་མ་བཞག་པར་སྒྲིག་སྦྱོར་བྱས་མ་ཐག་པའི་ཐབ་ཆས་དང་ཐབ་སྒྲོམ་ལ་ཕྱི་བདར་བཏང་།
རོགས་པ་བྱེད་པར་ཡོང་བའི་ཕུན་ཚོགས་ནི་ཀུན་བཟང་བདེ་སྐྱིད་དང་འདྲ་བར་གནས་སྤོས་དུད་ཚང་ཁག་དང་པོའི་གྲས་རེད། ཁོང་གིས་གསར་འགོད་པར“ད་ཆ་གྲོང་ཚོར་སྡོད་ཁང་ལ་སླར་ཡང་མཛེས་བཟོ་བྱེད་མཁན་ཁྱིམ་ཚང་ཁ་ཤས་ཡོད། ཡུལ་མི་རྣམས་ཤའོ་གྲོང་ཚོར་སྤོས་རྗེས་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ནས་ཚང་མས་རང་ཁྱིམ་སྔར་བས་མཛེས་པོ་དང་སྐྱིད་སྣང་དོད་པ་ཞིག་བཟོ་རྩིས་བྱེད་བཞིན་ཡོད”ཅེས་བརྗོད།
ཕུན་ཚོགས་ད་ལོ་ལོ་29ལ་སླེབས་པ་དང་། ཤིང་བཟོ་དང་། ཚོན་པ། འཕྲུལ་ཆས་བཀོལ་སྤྱོད་བཅས་ཀྱི་ལག་རྩལ་བྱང་ཆུབ་ཅིང་། རྒྱུན་དུ་མཐའ་སྲུང་མི་སྣའི་འགན་གཅིག་ལྕོགས་འཁུར་བཞིན་ཡོད། ཤའོ་གྲོང་ཚོའི་ལེགས་ཆའི་སྐོར་གླེང་སྐབས་ཁོང་གིས་བསྔགས་བརྗོད་ཡང་ཡང་བྱེད་བཞིན་དུ“ཤའོ་གྲོང་ཚོའི་རི་སྔོ་ཞིང་ཆུ་དྭངས་བ་དང་མཁའ་རླུང་གཙང་བ་མ་ཟད། ད་དུང་མཐའ་སྟོབས་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ཀྱང་ཡོད་པས། ལས་ཀར་བརྩོན་སེམས་ཡོད་ན། ཡོང་འབབ་ཡག་པོ་ཡོང་ངེས་རེད། ད་ཆ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་ཡོང་སྙམ་པ་བསམ་ཡུལ་ལས་འདས་སོང”ཞེས་བརྗོད། ཕུན་ཚོགས་ཀྱི་སྐད་ཆ་ལས་མ་འོངས་པར་རེ་བས་ཁེངས་པ་མཚོན་ཐུབ།
ཀུན་བཟང་བདེ་སྐྱིད་ཀྱི་ཁྱིམ་ནས་དོན་མ་ཐག་གཞུང་ལམ་འགྲམ་དུ་ཇ་ཁང་དང་ཚོང་ཁང་གིས་ཁེངས་ཡོད། གྲོང་ཚོའི་སྲང་ལམ་དུ་བགྲེས་སོང་ཁ་ཤས་བག་ཕེབས་ངང་ཁ་བརྡ་གློད་བཞིན་པ་དང་ཕྲུ་གུ་ཚོ་རྩེད་འཇོར་རོལ་བཞིན་ཡོད། ཉེ་འཁོར་གྱི་ལས་ཡུལ་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་བསྒྲགས་པ་དང་གྲོང་ཚོའི་ས་ཕྱོགས་གང་སར་རེ་བས་ཁེངས་ཡོད།
མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་96གི་འཆར་འགོད་ལེགས་སྒྲུབ་ཟིན་པ་དང་། ཁོར་ཡུག་ལེགས་ཤིང་སྡོད་མལ་ལ་འཚམ་པ་དང་། སྒྲིག་བཀོད་འཐུས་སྒོ་ཚང་བ། ཡོང་འབབ་མང་བ་སོགས་ལས་མེས་རྒྱལ་གྱི་ཆེས་ལྷོ་ནུབ་ཀྱི་མཐའ་མཚམས་མང་ཚོགས་ཀྱི“ཏང་གི་འོད་སྟོང་མཐའ་མཚམས་ལ་འཕྲོས”པའི་ཚོར་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད། མཐའ་མཚམས་སྲུང་བ་དང་། ཁྱིམ་གཞིས་སྐྲུན་པ། མཐའ་མཚམས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བཅས་བྱེད་པའི་གོམ་སྟབས་སྔར་བས་བརྟན་དུ་སོང་ཡོད།