འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དུས་ཡུན་ཉིན་བདུན་ཡིན་པའི་སྣ་དཀར་རྩེ་རྫོང་གི་སྐབས་31པའི་སྟག་ལུང་མཐའ་མཚམས་ཚོང་འདུས་དེ་ཟླ་8ཚེས་8ཉིན་སྟག་ལུང་གྲོང་རྡལ་དུ་འཚོགས་ཤིང་། འགོ་ཚུགས་ཉིན་དང་པོར་འགྲེམས་ཁུལ་ཆེ་གྲས་དྲུག་གི་ཚོང་བྲིན་ཚད་སྒོར་ཁྲི་105ལྷག་ཙམ་ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་དེ“སྟག་ལུང་དུ་མཉམ་དུ་འཛོམས། བདེ་སྐྱིད་ལྡན་པའི་ཡར་འབྲོག་ལ་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྣ་དཀར་རྩེ་རྫོང་དང་། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་ནས་ཡོང་བའི་ཚོང་དུད་1162ཞུགས་ཡོད་པ་རེད། ཚོང་འདུས་ཐོག་བཟའ་བཏུང་ཁུལ་དང་། བརྒྱ་ཟོག་ཁུལ། ཁྱད་ལྡན་ཁུལ། ཕྱུགས་རིགས་བརྗེ་ཚོང་ཁུལ། ཁྱིམ་ཆས་ཁུལ། རོལ་རྩེད་ཁུལ་བཅས་འགྲེམས་ཁུལ་ཆེ་གྲས་དྲུག་ལ་ཕྱེ་ཡོད། ཡར་འབྲོག་གི་ཁྱད་ལྡན་འཁྲབ་སྟོན་དང་སྒོར་གཞས་འགྲན་བསྡུར་ཕུད་ད་དུང་རྟ་རྒྱུག་དང་། སྐོར་བྲོ། ཐག་འཐེན་སོགས་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་ཡོད་པ་རེད།
སྣ་དཀར་རྩེ་རྫོང་ཀེ་ལ་ཤ་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིས་གཙོ་བོ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྟོ་ཕད་དང་། ལག་ཤེས་བཟོ་རྩལ་ཐོན་ཟོག། ཁ་གདན། ཁྱིམ་ཆས་སོགས་ཀྱི་ཐོན་རྫས་གཉེར་སྐྱོང་བྱེད་ཀྱི་ཡོད། འགན་འཁུར་བ་བསོད་ནམས་རྡོ་རྗེས་འདི་ལོའི་བོད་ལྗོངས་འགྲེམས་ཚོགས་རིང་རིན་ཐང་སྒོར་ཁྲི་6ལྷག་ཙམ་རི་བའི་ཚོང་ཟོག་འཁྱེར་ནས་བྲིན་ཚོང་བྱས་པར་ཉིན་ཤས་ནང་ཚང་མ་བྲིན་སོང་ཅེས་དང་། དེ་རིང་སྟག་ལུང་མཐའ་མཚམས་ཉོ་ཚོང་ཚོང་འདུས་ལ་སྒོར་ཁྲི་5ཙམ་རི་བའི་མི་རིགས་ཀྱི་ཁྱད་ལྡན་ཐོན་ཟོག་འཁྱེར་ཡོང་པ་འདི་དག་སྤྱིའི་ཆར་ཚང་མ་བྲིན་ཚར་སོང་ཅེས་བརྗོད།
ས་ཡུལ་དངོས་སུ། སྣ་དཀར་རྩེ་རྫོང་གི་ཚན་པ་30ལྷག་ཙམ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་(པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད) དང་བླངས་ཞབས་ཞུ་རུ་ཁག་གིས་བློ་འདྲིའི་སྟེགས་བུ་བཙུགས་ནས་མང་ཚོགས་ལ་བློ་འདྲི་དང་། འོས་འགན་སྨན་བཅོས། སྲིད་ཇུས་ཤོད་པ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ་ནད་ཡམས་སྔོན་འགོག་དང་། བཟའ་བཅའི་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། ཞིང་འབྲོག་ཚན་རྩལ་སོགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱས་ཡོད་པ་རེད།
ཚོང་འདུས་སྒྲིག་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྟག་ལུང་མཐའ་མཚམས་ཚོང་འདུས་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་སྣ་དཀར་རྩེ་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ཟོག་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་བྱས་ཐོག་སྣ་དཀར་རྩེ་རྫོང་གི་རིག་གནས་ཡུལ་སྐོར་གྱི་སྙན་པ་ཁྱབ་ཚད་སྔར་བས་མཐོ་རུ་བཏང་སྟེ། ཕྱི་ཕྱོགས་ཀྱི་མི་སྣ་དེ་བས་མང་བས་སྣ་དཀར་རྩེ་ཤེས་རྟོགས་དང་།མཛེས་སྡུག་ལྡན་པའི་ཡར་འབྲོག་གཡུ་མཚོ་སོགས་ཡུལ་སྐོར་རིག་གནས་ལ་མྱོང་རོལ་ཐུབ་པ་བྱ་རྒྱུ་དེ་རེད། བསོད་ནམས་བསྟན་པས་བསྒྱུར།