ང་ཚོའི་ཁྱིམ་གཞིས་ནི་མེ་ཏོག་ལྡུམ་ར་ལྟ་བུ་ཡིན།ཉེ་བའི་ལོ་ཤས་རིང་། ཕྲེང་དཀར་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཟབ་ཏུ་བཏང་ནས“སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས་ནས་སྒོ་ར་མཛེས་སུ་གཏོང་རྒྱུ”དམིགས་ཚད་དུ་བྱེད་པ་དང་། སྒོ་རའི་ཕྱི་ནང་གི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བྱས་ཐོག། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ“གྲོང་ཚོ་ནས་སྒོ་ར”བར་རྒྱ་བསྐྱེད་བཏང་ནས། གྲོང་ཚོའི་རྣམ་པ་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་ཕྱི་ནང་གཉིས་ཀ་མཛེས་སྡུག་ལྡན་པ་ཡོང་བ་བྱས་ཡོད་པ་རེད།
“དེ་སྔ་དང་བསྡུར་ན། ད་ཆ་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མའི་ཁོར་ཡུག་གཙང་སྦྲ་ཡག་ཏུ་ཞེ་དྲག་ཕྱིན་ཡོད། ང་རང་ཡང་ཁོམ་པ་ཡོད་དུས། ཁྱིམ་དུ་མེ་ཏོག་འདེབས་གསོ་བྱེད་རྒྱུར་དགའ་པོ་ཡོད”ཅེས་ཚེ་རིང་སྒྲོལ་མས་བཤད། “ད་ཆ་གྲོང་ཚོའི་ནང་གི་གྲོང་མི་མི་ཉུང་བ་ཞིག་གིས་རང་ཁྱིམ་གྱི་སྒོ་ར་དང་ཚོམས་ཆེན་ནང་མེ་ཏོག་སྣ་ཚོགས་གསོས་ཡོད་པ་དེ་དག་ནི་ཁྱིམ་ཚང་གི་མཛེས་རྒྱན་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད”
འདི་ལོའི་ལོ་སྟོད་དུ། ཚེ་རིང་སྒྲོལ་མས་ད་དུང་ལུས་འཁྲུ་ཁང་བརྒྱབ་པ་མ་ཟད། འཁྲུ་ཁང་གི་ཕྱི་ནང་ཚང་མར་ངོས་སྙོམས་སོ་ཕག་བཏིང་བ་དང་། འཁྲུ་ཆས་སྒྲོམ་ཆས་གྲལ་འགྲིག་པོས་བསྒྲིགས་པའི་ཁར། ཆུ་ཚ་པོ་བཟོ་བའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་ནང་མི་ཚོ་གཟུགས་པོ་འཁྲུ་བར་སྟབས་བདེ་པོ་བྱུང་ཡོད། “ད་ཆ་ང་ཚོ་ནང་མི་ཚང་མ་རྫོང་དུ་གཟུགས་པོ་འཁྲུ་བར་འགྲོ་དགོས་ཀྱི་མེད་པར། དུས་ངེས་མེད་ནང་རང་ཁྱིམ་དུ་གཟུགས་པོ་འཁྲུ་རྒྱུ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཚེ་རིང་སྒྲོལ་མས་གསར་དུ་བསྐྲུན་པའི་ཁྲུས་ཁང་ལ་མཛུབ་མོ་འཛུགས་ཀྱིན་དུ་བརྗོད།
ཁྱིམ་ཚང་ནང་གི་ཐབ་ཚང་གི་འཕྲོད་བསྟེན་ནི་ནང་མི་ཚོའི་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད། ཕྲེང་དཀར་གྲོང་ཚོའི་གྲོང་མི་ཚོས་ཐབ་ཚང་གི་གཙང་སྦྲ་ལ་དོ་སྣང་ཆེན་པོ་བྱེད་ཅིང་། ལྟོ་ཆས་བཟོས་ཚར་རྗེས་དུས་ཐོག་ཏུ་ཐབ་ཚང་གི་གད་སྙིགས་གཙང་སེལ་བྱས་ནས་ཐབ་ཚང་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
འཆི་མེད་ཚེ་རིང་གི་ཁྱིམ་གྱི་ཐབ་ཚང་ནང་ཐབ་ཆས་དང་། ཟ་ཆས། སྨན་ཕྱེ་སོགས་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་། ནོར་ལུག་གི་ཤ་དང་། སྔོ་ཚལ་སོགས་བཟའ་བཅའ་གང་དགོས་ཅི་དགོས་ཡོད་པ་རེད།
“དེ་སྔ་ང་ཚོའི་ཁྱིམ་ཚང་གི་ཕྱི་ནང་གང་སར་ཐལ་རྡུལ་གྱིས་ཁེངས་ལ། སྦྲང་ཆུང་གང་སར་འཕུར་འགྲོ་བ་དང་། གྲོང་ཚོའི་ནང་དུ་གད་སྙིགས་ཕུང་གསོག་ཐེབས་པ་མང་པོ་མཐོང་རྒྱུ་ཡོད། ད་ཆ་ཚང་མས་ཁྱིམ་ཚང་དང་། མི་སྒེར། སྤྱི་པའི་འཕྲོད་བསྟེན་བཅས་ལ་དོ་སྣང་ཆེན་པོ་བྱེད་ཅིང་། དུས་ཐོག་ཏུ་གད་བདར་རྒྱག་པ་དང་གད་སྙིགས་གཙང་སེལ་བྱེད་ཀྱི་ཡོད་པས། ད་ཆ་གྲོང་ཚོའི་ནང་དུ་གད་སྙིགས་སྤྱིར་ན་མཐོང་རྒྱུ་མེད་པར་ཧ་ཅང་གཙང་པོ་ཡོད”ཅེས་བགྲེས་སོང་འབའ་སྐྱིད་ཀྱིས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་གིན་དུ་སྒོ་རའི་ནང་གི་མེ་ཏོག་ལ་བྱིས་དོར་བྱེད་ཀྱིན་“ད་ལྟ་ང་ཚོའི་ཁྱིམ་གཞིས་ནི་མེ་ཏོག་ལྡུམ་རྭ་རང་རེད”ཅེས་བཤད།
ཕྲེང་དཀར་གྲོང་ཚོ་འདི་ཡང་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི“བདེ་ལྡན་འཚོ་སྡོད་དཔེ་སྟོན་གྲོང་ཚོ”དང“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོར”བདམས་ཡོད་པ་རེད།
ཆར་རྗེས་ཀྱི་ཕྲེང་དཀར་གྲོང་ཚོར་མཁའ་རླུང་ཧ་ཅང་དྭངས་ཤིང་། ཞིང་ནང་དུ་འཆམ་འཆམ་ལ་འགྲོ་སྐབས་གྲོ་སྙེ་རྣམས་བསིལ་རླུང་དང་བསྟུན་ནས་དལ་བུར་གཡོ། ཅི་དགར་རོལ་བའི་ཕྱེ་མ་ལེབ་ཁྱུ་ཚོམ་བསྒྲིགས་ནས་གསེར་མདངས་འཕྲོ་བའི་པད་ཁའི་ཟེའུ་འབྲུའི་ཕྱོགས་སུ་རྒྱུགས་ཅིང་། གང་སར་ཡིད་དབང་འཕྲོག་པའི་རྣམ་པས་འཕྱུར་ཡོད།