ཟླ་7པའི་ཚེས་20ཉིན་ནས་ཚེས་21ཉིན་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ས་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་སྣ་དཀར་རྩེ་རྫོང་དུ་བསྐོང་འཚོགས་བྱས་པ་རེད།
ཚོགས་འདུ་མ་འཚོག་གོང་། ཚོགས་འདུར་ཞུགས་མཁན་ཚོས་སྔ་རྗེས་སུ་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་དྲེལ་བཏགས་ཁ་གྲོང་ཚོ་དང་། ཞོལ་རྫོང་གྲོང་ཚོ། གྲམ་མདའ་ཤང་གི་གྲམ་མདའ་གྲོང་ཚོ། སྟག་ལུང་གྲོང་རྡལ། སྣ་དཀར་རྩེ་གྲོང་རྡལ་སོགས་སུ་ཕེབས་ཏེ། འགྲེམས་པང་ལ་བལྟ་བ་དང་། གསལ་འགྲེལ་ཉན་པ། ས་ཡུལ་དངོས་ལ་བལྟ་བ་སོགས་བརྒྱུད། སྣ་དཀར་རྩེ་རྫོང་གིས་ཁོར་ཡུག་བཅོས་སྒྲིག་དྲིལ་བསྒྲགས་དང་། གད་སྙིགས་རིགས་དབྱེ་གཙང་སེལ། སྒྲིག་འགལ་འཛུགས་སྐྲུན་གཙང་བཤིག མི་དང་སྒོ་ཕྱུགས་ལོགས་སྡོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱ་ཐབས་གསར་པ། ལས་ཀའི་བཀྲག་མདངས་འཚེར་ས་བཅས་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད།
གྲོང་ཚོའི་གཞུང་ལམ་ཡངས་ཤིང་སྙོམས། སྡོད་ཁང་བཀོད་པ་གཙང་ལ་གྲལ་སྟར་འགྲིག འཁོར་རིགས་ལོགས་འཇོག་གོ་རིམ་དང་ལྡན་པ་བཅས་ཀྱིས་མཚོན། སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་དྲེལ་བཏགས་ཁ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེ། དྲེལ་བཏགས་ཁ་གྲོང་ཚོའི་ཀྲུའུ་རེན་ནན་ཏན་ཆོས་འཕེལ་གྱིས་སྤྲོ་སེམས་འཁོལ་པོས། དེ་སྔ་ཡིན་ན། གྲོང་ཚོའི་སྡོད་མལ་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་སྤེལ་ཚུན། གྲོང་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་བརྗོད།
ཆུ་ཐིགས་བསགས་ནས་རྒྱ་མཚོ་འཁྱིལ། །སྙིང་རུས་ཆེན་པོས་བྱས་འབྲས་ལེན། །གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་བའི་ཁྲོད། ལྷུན་པོ་ཞོལ་ཤང་གིས་མཛེས་བཟོའི་དཔེ་གཞི་གང་ལེགས་བདམས་ཏེ། གཙོ་གནད་དུ་སྡོད་ཁང་གི་རྒྱབ་མདུན་དང་གཞུང་ལམ་གཡས་གཡོན་གྱི་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱས་ཐོག རང་དགར་ཕུང་གསོག་དང་རང་དགར་བཟུང་སྤྱོད་དང་འཛུགས་སྐྲུན་སོགས་གྱི་སྣང་ཚུལ་ལ་བཅོས་སྒྲིག་ནུས་ལྡན་བྱས་ཡོད་པ་རེད། དུས་མཚུངས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གཞི་བཅོལ་ཏེ། ཡུལ་དུས་དང་འཚམ་པའི་སྒོ་ནས་བ་ཚང་ལུག་ཚང་གཅིག་སྡུད་འཆར་འགོད་བྱས་པས། སྒོ་ཕྱུགས་གསོ་ཚགས་གཞི་ཁྱོན་ཅན་དང་དེང་རབས་ཅན། གྲོན་ཆུང་ཅན་བཅས་སུ་འགྱུར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད། མིག་སྔའི་བར། ལྷུན་པོ་ཞོལ་ཤང་གི་སྲིད་འཛིན་གྲོང་ཚོ་12དང་ཐེམ་གྲངས་717གྱིས་མི་དང་སྒོ་ཕྱུགས་ལོགས་སྡོད་ཁག་དབྱེའི་ལས་ཀ་ལེགས་གྲུབ་བྱུང་བས། གྲོང་ཚོའི་བཀོད་པ་གཙང་ལ་གྲལ་སྟར་འགྲིག་པ་དང་། འབྲོག་ལས་འཕེལ་རྒྱས་ཚད་ལྡན། མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཀྱི་དམིཊ་ཚད་མངོན་འགྱུར་ཐུབ་ཡོད།
གྲ་ནང་རྫོང་གྲ་ཕྱི་ཤང་ཏང་ཨུད་ཧྲུའུ་ཅི་ཐུབ་བརྟན་འཇིགས་མེད་ཀྱིས་བརྗོད་དོན། ད་ཐེངས། ངས་སྣ་དཀར་རྩེ་རྫོང་གི་ཤང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་བྱ་ཐབས་བཟང་པོར་སློབ་སྦྱོང་ཞུ་རྒྱུ་བྱུང་། ཕར་ལོག་རྗེས། ཉམས་མྱོང་བཟང་པོ་དེ་དག་ལ་ལྟོས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུ་ཡིན།
གོང་དཀར་རྫོང་སྟོང་ར་ཤང་ཏང་ཨུད་ཧྲུའུ་ཅི་བསོད་ནམས་རྡོ་རྗེས་བརྗོད་དོན།ས་ཡུལ་དངོས་ནས་ལྟ་སྐོར་དང་སློབ་སྦྱོང་བརྒྱུད། སྣ་དཀར་རྩེ་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་ཆེན་པོ་དང་དེ་ལས་བྱུང་བའི་ཕན་འབྲས་དག་མིག་མཐོང་ལག་ཟིན་བྱུང་། ལས་གནས་ཐོག་ལོག་རྗེས། ཉམས་མྱོང་བཟང་པོ་མིག་དཔེར་བཟུང་སྟེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན།
སྟག་ལུང་གྲོང་རྡལ་དུ། ཚོགས་ཞུགས་མི་སྣར་འགྲེམས་པང་དང་བརྙན་ཐུང་བརྒྱུད་ནས་གྲོང་ཚོའི་འཕོ་འགྱུར་གསལ་འགྲེལ་བྱེད་བཞིན་མཆིས། ཉེ་བའི་ལོ་ཤས་ནང་། སྟག་ལུང་གྲོང་རྡལ་གྱིས་གཙང་སེལ་ལྔ་དང་བཅོས་སྒྲིག་བཞི། དེ་བཞིན་སྐུལ་འདེད་གསུམ་ལ་འབོད་པའི་བྱ་ཐབས་དང་12345ལ་འབོད་པའི་ལས་ཐབས་སྤྱད་ཐོག ཏང་འཛུགས་སྐྱོང་དང་གཞན་སྣོལ་སྦྲེལ་ཅན་གྱི་དཔེ་གཞི་འཛིན་སྣེར་བྱས་ཏེ། གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཡག་པོ་བཏང་བས། ཕན་འབྲས་གསར་པ་ཐོན་ཡོད། 2022ལོར། སྟག་ལུང་གྲོང་རྡལ་ལ་གྲོང་ཁྱེར་རིམ་པའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཤང་གྲོང་རྡལ་ལེགས་གྲས་བཅུ་ལ་འབོད་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་སྐྱིད་གཤོངས་སྡེ་ཁུལ་སྤྱི་ཁྱབ་ཏང་ཀྲེ་པུའུ་ཧྲུའུ་ཅི་ཚེ་རིང་གིས་བརྗོད་དོན། ང་ཚོས་སྣ་དཀར་རྩེ་རྫོང་གིས་བཅོས་སྒྲིག་ལས་དོན་སྤེལ་བའི་ཁྲོད་འཕྲད་པའི་གནད་དོན་དང་། དེ་བཞིན་ཐག་གཅོད་བྱ་ཐབས་ཁག་ཅིག་ལ་རྒྱུས་མངའ་ཡག་པོ་ཐུབ་སོང་། དངོས་གནས་སློབ་སྦྱོང་ཞུ་འོས་པ་རང་རེད། ལས་གནས་ཐོག་ལོག་རྗེས། ང་ཚོས་སྡེ་ཁུལ་གྱི་སྣེ་ཁྲིད་མཐའ་འཁྱོངས་དང་མང་ཚོགས་གཙོ་བོར་བཞག་སྟེ། མུ་མཐུད་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུ་ཡིན།
ཉེ་བའི་ལོ་ཤས་ནང་། སྣ་དཀར་རྩེ་རྫོང་གིས་ད་དུང་དྲུག་གསུམ་གི་ལས་གཞི་དང་བྱེད་སྒོ་ཁག་བཅུ་ལ་འབོད་པ་ལག་ལེན་ཤུགས་ཆེན་བསྟར་ཏེ། གཙང་སེལ་ལྔ་དང་བཅོས་སྒྲིག་བཞི། སྐུལ་འདེད་གསུམ་བཅས་ཀྱི་གྲུབ་འབྲས་ལ་སྲ་བརྟན་ཡག་པོ་བཏང་ཡོད་པ་རེད། དེའང་རང་དགར་བཟུང་སྤྱོད་བསྐྲུན་དངོས་ཁ་གྲངས་3486བཤིག་པ་དང་། གྱང་ཤུལ་གྱང་རོའི་ཁ་གྲངས་1718བཤིག་པ། ཐེམ་པ་གཅིག་ལ་སྡོད་ཁང་མང་བའི་ཐེམ་དུད་166ལེགས་སྒྲིག གསང་སྤྱོད་ཁ་གྲངས་5968སྒྱུར་བཅོས། ཐེམ་དུད་2370ཡི་མི་དང་སྒོ་ཕྱུགས་ལོགས་སྡོད་ཁག་དབྱེ་བཅས་ཀྱི་ལས་འགན་ལེགས་གྲུབ་ཟིན་པས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད། དེར་བརྟེན། སྣ་དཀར་རྩེ་རྫོང་འདི་ཉིད་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཕུལ་བྱུང་རྫོང་དུ་དཔྱད་འདེམས་བྱས་ཡོད་པ་རེད།
སྣ་དཀར་རྩེ་རྫོང་གི་རྫོང་དཔོན་གཞོན་པ་སྤེན་པ་ཚེ་རིང་གིས་བརྗོད་དོན། ད་ཐེངས། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ས་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུ་སྣ་དཀར་རྩེ་རྫོང་དུ་བསྐོང་འཚོགས་བྱས་པས། ང་ཚོར་གཟི་བརྗིད་མྱོང་ཚོར་དང་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་ནས་ལས་ཀའི་གྲུབ་འབྲས་སྲ་བརྟན་བཏང་ཐོག མིག་དཔེ་དང་སྔོན་ཐོན་རྫོང་ལ་སློབ་སྦྱོང་སྒོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་འདི་ཉིད་ཁྱབ་ཁོངས་སྔར་བས་ཆེ་བ་དང་གཏིང་སྔར་བས་ཟབ་པའི་ཕྱོགས་སུ་འཕྲོ་སྐྱེད་ཐུབ་པ་བྱས་ནས་ཁྱིམ་གཞིས་དེ་བས་མཛེས་པ་དང་འཚོ་བ་དེ་བས་སྐྱིད་པ་ཡོང་རྒྱུར་འབད་འབུངས་བྱ་རྒྱུ་ཡིན།
གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཡག་པོ་བྱེད་པར། ཕྱི་གཅིག་པུ་མིན་པར་ནང་བསམ་པའི་ལྟ་བར་འགྱུར་ལྡོག་བྱུང་ཚེ། ད་གཟོད་གཞི་ནས་རྨང་གཞི་ལེགས་པའི་མཚར་སྡུག་ཅིག་མངོན་ཐུབ། མིག་སྔར། ཁྱིམ་གཞིས་མཛེས་པ། འཚོ་བ་སྐྱིད་པ། ཁོར་ཡུག་བཟང་བ། ཡུལ་སྲོལ་ལེགས་པ་བཅས་ནི་སྣ་དཀར་རྩེ་རྫོང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་དཔེ་མཚོན་ལག་ལེན་ཞིག་ཡིན་པ་སྨོས་ཅི་ལ་དགོས་སོ།
འདི་ནི་ས་ཡུལ་དངོས་སུ་ལྟ་སྐོར་བྱེད་བཞིན་པ།