第01版:头版 4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2023年2月22日 星期
3 上一篇 放大 缩小 默认
སྲིད་གཞུང་གི་ལས་དོན་སྙན་སྒྲོན།
2022ལོའི་ཟླ་12ཚེས་30ཉིན་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག
 

ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི། ཚེ་རིང་ཕུན་ཚོགས།

འཐུས་མི་རྣམ་པ་ཚོ།

ད་ལྟ་ངས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་ལྷུག་གླེང་ཡོད་པ་ཞུ།

2022ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

འཐུས་མི་རྣམ་པ་ཚོ། 2022ལོ་ནི་སྤྱིར་བཏང་ཞིག་མིན་པ་དང་འགྲན་སློང་ལྡན་པ། བརྗེད་པར་དཀའ་བ་ཞིག་ཡིན། བསྐལ་པ་བཟང་པོ་དང་ཚོགས་འདུ་གཟབ་རྒྱས་ལས་ཡར་བརྩོན་ཐད་སྟོབས་ཤུགས་བསྣན་ཞིང་། ནད་ཡམས་ལ་འཐབ་རྩོད་བྱེད་པའི་ཁྲོད་འགན་འཁུར་ཕོད་པའི་མཛད་པ་ཆེན་པོ་མངོན་ཡོད། ལོ་གཅིག་གི་རིང་། དཀའ་ངལ་མང་པོ་དང་ཛ་དྲག་གི་འགྲན་སློང་མང་པོ་མཉམ་དུ་འཛོམས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཨུད་ཀྱིས་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་གནང་བའི་འོག ང་ཚོས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་པོ། གོང་འཕེལ་གཏོང་བར་བདེ་འཇགས་ལྡན་པ་བཅས་དགོས་ལུགས་ཀྱི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐར་ཕྱིན་བྱས་ཏེ། དོན་ཆེན་བཞི་ལ་གཞིགས་པ་དང་། འཛུགས་གཏོད་བཞི་དང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག་ལ་དམིགས་པ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ནུས་ལྡན། ནུས་ཤུགས་ཡོད་རྒུས་ནད་ཡམས་ལས་རྣམ་པར་རྒྱལ་བ་དང་བདེ་འཇགས་འགན་སྲུང་། དཔལ་འབྱོར་བརྟན་པོ། དམངས་འཚོར་ཕན་པ། སྐྱེ་ཁམས་ལེགས་པ། མཐའ་མཚམས་བརྟན་སྲུང་བཅས་བྱས་ཐོག དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཐོག་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་བྱས་ཡོད། སྔོན་དཔག་བྱས་ན་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་248ཟིན་བཟོ་ཡོད་པ་དེ་3.4%འཕར་བ་དང་། གཞི་རྒྱ་ལྡན་པའི་བཟོ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་38.7ཟིན་བཟོ་ཡོད་པ་དེ་11%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་76ཟིན་བཟོ་ཡོད་པ་དེ་5%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སོ་སོ་10%དང་12.5%འཕར་བ། ལྷག་དོན་དུ་གྲོང་གསེབ་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི་2འགག་སྒོ་ལས་སྒྲོལ་བ་བཅས་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བསམ་བློའི་ཞུན་བརྡར་ཡག་པོ་ཞིག་ཐུབ་པ་བྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ། བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ། ཆེས་གཟབ་ནན་གྱི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་རྩ་དོན། ཆེས་གལ་ཆེན་གྱི་ལས་ཀའི་སྒྲིག་ཁྲིམས་དང་ལས་ཀའི་བླང་བྱར་བརྩི་བ་བཅས་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད། ལས་ཀར་སྐུལ་འདེད་བཅས་བྱེད་པ། ཏང་གིས་སྲིད་གཞུང་གི་ལས་དོན་དང་དཔལ་འབྱོར་གྱི་ལས་དོན་ཐད་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཤུགས་སྣོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པ་ལག་བསྟར་བྱ་རྒྱུ་དེ་སྲིད་ཇུས་བཟོ་བ་དང་ལས་འགན་བཀོད་སྒྲིག ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་མངོན་པ་བྱེད་པ་བཅས་བྱས་ཐོག ལྷག་བསམ་རྣམ་དག་བྱེད་པའི་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཆབ་སྲིད་ཀྱི་རང་མདངས་དང་སློབ་སྦྱོང་ལ་བརྟེན་ནས་ཡིད་ཆེས་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་རིག་པ་དྭངས་གསལ། བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་རང་རྟོགས་བཅས་མཐའ་འཁྱོངས་ཐུབ་པ་བྱས་ཡོད།

དམངས་སེམས་གཅིག་སྒྲིལ་གྱིས་ནད་ཡམས་འགོག་ཟོན་ལས་ཀར་རྒྱལ་ཁ་ཆེན་པོ་བླངས་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ནང་། ང་ཚོས་མི་དམངས་རྩ་བ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་བཀོད་འདོམས་དང་མཉམ་འགུལ་དམག་འཐབ། རིམ་སྤར་བཀོད་གཏོང་བཅས་ཀྱི་རིམ་ཉུང་དོ་དམ་གྱི་བཀོད་འདོམས་མ་ལག་ཕྲལ་དུ་བཙུགས་པ་དང་། ཏང་ཡོན་ལས་བྱེད་པ་དང་སྨན་དོན་མི་སྣ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དང་བླངས་པ་སོགས་ཀྱིས་འཐབ་ས་མདུན་མར་མཉམ་རུབ་ཐོག་ལེགས་སྐྱེས་ཕུལ་བ། སྨན་དོན་མི་སྣ་348ཀྱིས་སྒྲུབ་འོས་ལས་འགན་ཕྱིར་བཤོལ་མེད་པར་སྤུན་ཟླའི་ས་ཁུལ་དང་གྲོང་ཁྱེར་དུ་རོགས་སྐྱོར། ལྷོ་ཁའི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་35ཡིས་དམངས་སེམས་གཅིག་སྒྲིལ་དང་ཕན་ཚུན་རོགས་རེས། ཧུའུ་ནན་དང་ཧུའུ་པེ། ཨན་ཧུའེ་བཅས་ཞིང་ཆེན་གསུམ་པོས་སྒེར་སེམས་མེད་པའི་རོགས་སྐྱོར་དང་སྨན་བཅོས་རུ་ཁག་མངགས་ནས་ང་ཚོ་དང་ལག་གདང་མཉམ་སྦྲེལ་བཅས་བྱས་ཏེ། དུས་ངལ་ཁྱད་བསད་བྱེད་པའི་སྟོབས་ཤུགས་གཅིག་འགྲིལ་ཐུབ་པ་བྱས་ཡོད། སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་དང་། ཉིང་སྐྱུར་ཞིབ་དཔྱད་དང་རིམས་དཔྱད་ཁུངས་བཤེར། ལོགས་བཀར་བརྒྱུད་འདྲེན། ནད་དཔེ་བསྡུ་བཅོས། དངོས་རྫས་འགན་སྲུང་། རིམས་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཉིན་19ནང་སྤྱི་ཚོགས་ཐོག་ལ་གཙང་བཟོ་དང་། ཉིན་24ནང་སྤུས་ཚད་མཐོ་བའི་སྐབས་བསྟུན་གཙང་བཟོ་ཐུབ་པ་བྱས་ཐོག མཐའ་མཚམས་ས་ཁུལ་དུ་རིམས་ནད་འགོས་མེད་པ་དང་དགོན་སྡེའི་གྲྭ་བཙུན་ཚོར་རིམས་ནད་འགོས་མེད་པ། སློབ་གྲྭའི་དགེ་སློབ་ཚོར་རིམས་ནད་འགོས་མེད་པ། རྒན་གསོ་ཁང་དང་བྱིས་པའི་ཕན་བདེ་ཁང་སོགས་གཙོ་གནད་ཁུལ་དུ་རིམས་ནད་འགོས་མེད་པ། རིམས་ནད་ཀྱི་ཉེན་ཁ་ཕྱི་ལ་མི་མཆེད་པ་སོགས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ནས།  རིམས་ནད་ཀྱི་ཡིག་རྒྱུགས་ཆེ་མོའི་ལྷོ་ཁའི་ལན་འདེབས་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་ཡོད། ཀྲུང་དབྱང་གིས་རིམས་ནད་འགོག་ཟོན་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་བཏོན་རྗེས། འཕྲལ་མར་རིམས་འགོག་ལས་དོན་གྱི་གཙོ་གནད་དེ་ནན་འགོག་ནས་སྨན་བཅོས་སྲོག་སྐྱོབ་ཕྱོགས་སུ་སྒྱུར་བ་དང་། སྨན་བཅོས་དངོས་ཟོག་དང་སྨན་དོན་པའི་སྟོབས་ཤུགས། སྐྱོབ་བཅོས་བྱ་ཡུལ་སོགས་ཀྱི་གྲ་སྒྲིག་ལས་དོན་སྔ་ཙམ་ནས་ཡག་པོ་བསྒྲུབས་པ། རྒན་རྒོན་མི་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་བྱ་ཐབས་ལ་བརྟེན་ནས་རིམས་ནད་འགོག་ཟོན་གྱི་དུས་མཚམས་གསར་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་བཞིན་ཡོད།

དཀའ་སེལ་ཡར་བརྩོན་གྱིས་ཁ་གཏད་ཧུར་ཐག་གཅོག་པའི་ཁྲོད་བརྟན་ཐོག་སྐྱོན་བྲལ་གྱི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད། བརྟན་འཕར་ཡོང་བ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཁོག་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་ ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། རིམ་པ་དེ་གའི་ནོར་སྲིད་ནས་སྒོར་དུང་ཕྱུར་1.8བཏང་ནས་ལེ་ལག་ཚང་བའི་བྱེད་ཐབས་བཟོས་ཐོག རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ཡོད་ཅིང་། སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་240ལེགས་སྒྲུབ་བྱུང་ནས་3.4%འཕར་བཟོ་ཡོད། གཏན་འཁེལ་བཞིའི་འགན་གཙང་འགན་ལེན་དང་། ཆེད་སྒྲུབ་ཚོགས་པས་སྐུལ་འདེད་གཏོང་བ། གདུབ་ཟུམ་ཨར་ལས་བྱེད་པ། དགུན་དུས་ཀྱི་མངོན་མེད་ནུས་ཤུགས་འདོན་པ་སོགས་ཀྱི་བྱ་ཐབས་ཁྱབ་གདལ་བཏང་ནས། ཐབས་བརྒྱ་ཇུས་སྟོང་ངང་རྣམ་གྲངས་དམ་འཛིན་དང་། མ་འཇོག་རྒྱ་ཆེར་བཏང་བ་དང་། གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་སྐྲུན་འགོ་བཙུགས་པ། ལྷུན་རྩེའི་ཉིང་ལག་གནམ་ཐང་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱ་ཚད་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པ། བུན་འཛིན་མ་དངུལ་བསྡོམས་འབོར་ཨང་དང་པོར་སླེབས་པ། བློ་བརྟན་འགྱུར་མེད་ངང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ལམ་ལུགས་དོན་འཁྱོལ་བྱས་ནས་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་16.92ཟིན་ཡོད། ཡུལ་བབ་དང་བསྟུན་ནས་སྒྲིག་བཀོད་ཞིང་འབྲོག་ལས་གོང་འཕེལ་བཏང་སྟེ་ཀུ་ཤུ་དང་། སྟར་ཀ རྒུན་འབྲུམ། བོད་ཕག བོད་བྱ། བཞོན་མ་སོགས་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། སྒོ་ངའི་ཐོན་འབབ་འཕར་ཚད་362%ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱི་འབོར་གྱི་52%བཟུང་ཡོད། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་  དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་བཅད་ཤུལ་གློག་ཁང་ལ་ཞིབ་མཆན་ཐོབ་པ་དང་། མཚོ་སྨད་གྲི་གུའི་རླུང་གློག་གི་དུས་ཐེངས་གཉིས་པ་བདེ་བླག་ངང་ལས་འགོ་ཚུགས་པ། ལྷ་ཁང་གློག་ཁང་གི་འཕྲུལ་ཚན་དང་པོ་ནས་གློག་གཏོང་འགོ་ཚུགས་པ། གྲོང་ཁྱེར་ཡོངས་སུ་དྭངས་གཙང་ནུས་རྒྱུའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་285.5ཟིན་པ་དང་། གློག་གཏོང་ཚད་ཏུའུ་དུང་ཕྱུར་64ཟིན་ནས། ཐོན་ཐང་སྒོར་དུང་ཕྱུར་20བཅས་ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས་ཁག་སོ་སོར་48.9%དང་། 48.8% 53.8%འཕར་ཡོད། ཆུང་གྲས་གཞི་རྒྱ་ཅན་དུ་མཐོར་འདེགས་བཏང་བའི་བཟོ་ལས་ཁེ་ལས་3སྐྱེད་སྲིང་བྱ་རྒྱུར་རོགས་སྐྱོར་བྱས་པར་སྔོན་དཔག་བྱས་ན་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་ཐང་སྒོར་དུང་ཕྱུར་38.7ཟིན་ནས་11%འཕར་བ། མ་དངུལ་སྒོར་ཁྲི་4360བཏང་ནས་འཛད་སྤྱོད་བྱེད་སྒོར་སྐུལ་སྤེལ་བཏང་སྟེ་འཛད་སྤྱོད་སྒོར་དུང་ཕྱུར་3སྐུལ་ཁྲིད་བྱས་པར་འཛད་སྤྱོད་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ལ་དངོས་ཕན་ཡང་ཐོབ་ཡོད། སྐབས་42པའི་ཡར་ཀླུང་ཚོང་འདུས་ཀྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3.52ཟིན་པ་དང་། སྔོན་དཔག་བྱས་ན་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་76ཟིན་ནས་5%འཕར་བཟོ་ཡོད། ཁེ་ལས་ལ་རོགས་རམ་བྱས་ཏེ་དཀའ་ངལ་སེལ་རོགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་གཅོག་པ། དེ་བཞིན་ཁྲལ་གྲོན་ཕྱིར་སློག་དང་དཔྱ་ཁྲལ་དུས་འགྱངས་བྱས་པ་སྒོར་དུང་ཕྱུར་8.65གསར་སྣོན་བྱུང་ཞིང་། དཔྱ་ཁྲལ་ཕྱིར་སློག་དང་ཆག་ཡང་གཅོག་འཕྲི་དུས་འགྱངས་བཅས་ཀྱི་ཉམས་མྱོང་དང་བྱེད་ཐབས་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་ཐོག་ནས་གཟེངས་བསྟོད་ཐོབ་ཡོད། ཁྲོམ་རའི་གྲུབ་ཆ་གཙོ་བོའི་དུད་ཚང་3413གསར་འཕར་བྱུང་སྟེ་དུད་ཚང་ཁྲི་4.4ཟིན་ཡོད། རིམས་ནད་ཀྱི་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འོག་དཔལ་འབྱོར་བརྟན་པོ་བྱུང་བ་དང་། དཔལ་འབྱོར་གྱི་ལྡེམ་ཤུགས་ཆེན་པོ་རྒྱུན་བསྲིང་དང་། མངོན་ཤུགས་འདང་ངེས། ཡུན་རིང་བཟང་ཕྱོགས་སུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ཐུབ་ཡོད།

ཀུན་ཕན་དམངས་འཚོས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དེས་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད། འབབ་འཕར་ཡོང་རྒྱུ་དེ་དམངས་འཚོ་ལེགས་གཏོང་གི་སྲ་ཞིང་བརྟན་པའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་དང་། ལས་ཞུགས། ཐོན་ལས་བཅས་ལ་གཞོགས་འདེགས་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་ཞིང་། སྔོན་དཔག་བྱས་ན་གྲོང་ཁྱེར་གྲོང་རྡལ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ཁག་སོ་སོ་སྒོར་47460དང་སྒོར་20740ཟིན་ནས་ལོ་གོང་མ་ལས་ཁག་སོ་སོ་སྒོར་4310དང་2305འཕར་ཡོད། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་དང་ཡུལ་སྤོས་མང་ཚོགས་ཀྱི་ཡོང་འབབ་སོ་སོ་14.8%དང་17.7%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་དམིགས་ཚད་ལས་མཐོ་བ་སླེབས་ཡོད། མཐོ་རིམ་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་སྤེལ་ནས་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་98%ཟིན་ཡོད། ཞིང་འབྲོག་པ་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་བྱེད་པའི་བྱ་སྤྱོད་སྤེལ་ནས་མི་ཁྲི་11ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་11.3ཟིན་ནས་ཁག་སོ་སོར་རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་ལས་འགན་གྱི་137.5%དང་161.4%ལེགས་སྒྲུབ་བྱུང་ཡོད། ས་བབ་མཐོ་བའི་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་གྲྭ་ཁྱོན་ཡོངས་ནས་སྤེལ་བ་དང་། སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། མཐོ་རྒྱུགས་ནང་ཞུགས་མཁན་གྱི་སྐར་གྲངས་ཟིན་ཚད་93.15%ཟིན་པ། གཙོ་གནད་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ཟིན་ཚད་བརྒྱ་ཆའི་གྲངས་2.21བར་མཐོ་རུ་ཕྱིན་ཡོད། བདེ་ཐང་ལྷོ་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཤང་གྲོང་རྡལ་80ལ་སྨན་བཅོས་འགན་བཅོལ་ཐད་ཀར་རྩིས་རྒྱག་མངོན་འགྱུར་བྱུང་བ་དང་། སྤྱི་པའི་འཕྲོད་བསྟེན་དོ་དམ་ཨུ་ལྷན་གྲོང་ཚོ་དང་སྡེ་ཁུལ་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། སྣེ་གདོང་ཆུས་དེ་རྒྱལ་ཁབ་རིམ་པའི་བདེ་ཐང་སྐུལ་སྤེལ་དཔེ་སྟོན་རྫོང་ཁོངས་སུ་བདམས་ཐོན་བྱུང་ཡོད། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བ་དང་། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་ཁག་སོ་སོ་99.2%དང་99.4%ཟིན་ཡོད། ལུས་རྩལ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་རང་རེའི་གྲོང་ཁྱེར་གྱི་ལུས་རྩལ་པས་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གསུམ་པའི་ལུས་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་3དང་དངུལ་གྱི་རྟགས་མ་4ཟངས་ཀྱི་རྟགས་མ་3བླངས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ཐད་གཅིག་གྱུར་སྐུལ་འདེད་ཐོག དམངས་ཡོངས་ཀྱིས་འགན་བཅོལ་ནང་ཞུགས་ཚད་97.5%ཡན་ཟིན་ཡོད།

གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་བཏང་བ། ས་ཁོངས་དང་གྲོང་ཁྱེར་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་གོང་འཕེལ་མགྱོགས་སུ་བཏང་བ་དང་། མཁའ་འགྲུལ་ཁུལ་གསར་ཧྲིལ་པོ་ངེད་གྲོང་ཁྱེར་ལ་རྩིས་སྤྲོད་བྱུང་བ། སྲིན་པོ་རིའི་དུས་ཐེངས་གཉིས་པའི་གནས་སྤོའི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ། གྲོང་ཁྱེར་རྒྱ་བསྐྱེད་དང་སྤུས་ཚད་མཐོར་གཏོང་གི་གོམ་སྟབས་མགྱོགས་སུ་བཏང་ནས་རྩེད་ཐང་གྲོང་ཁུལ་གྱི་ལམ་དྲ་སྒྱུར་བཀོད་དང་། ཕྱོགས་བསྡུས་མདོང་ལམ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། ཧྲེན་ལི་དུས་རབས་ཐང་ཆེན་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ། ས་བབ་མཐོ་བའི་རྫོང་གྲོང་དང་ཤང་གྲོང་རྡལ་གྱི་དྲོད་མཁོ་འདོན་རྣམ་གྲངས་དེ་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་ལ་འཚོ་སྡོད་རུང་བའི་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་58འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། སྲིད་འཛིན་གྲོང་ཚོ་23ཐེངས་དྲུག་པའི་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པ། འཕྱོངས་རྒྱས་རྫོང་དེ་2022ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་རྫོང་གསར་འཛུགས་ཚན་པར་བདམས་པ། ལྗོངས་ཡོངས་ཀྱི"ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ་"གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་གནས་ས་ཐོག་ཚོགས་འདུ་གྲུབ་འབྲས་ལྡན་པའི་ངང་གྲབས་འཚོགས་བྱུང་བ་དང་། མཚོ་སྣ་རྫོང་འདི་ཉིད་2022ལོའི་རྒྱལ་ཡོངས་ཀྱི་"ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ"དཔེ་སྟོན་རྫོང་གཏོད་པའི་མིང་ཐོའི་ནང་ཚུད་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་དབུལ་པོ་བསྐྱར་ལོག་མི་ཡོང་བའི་ལྟ་ཞིབ་ཚད་ལེན་དུད་ཚང་དང་ཡུལ་སྤོས་དབུལ་སྐྱོར་དུད་ཚང་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྒོར་1000སྤྲད་པ། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ལས་མཐོ་བ་དང་། ཡུལ་སྤོས་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་དེ་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་འཕར་ཚད་ལས་མཐོ་བ་ཡོད་པ་རེད། ས་ཁོངས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་སྤུས་ཚད་བརྟན་པོའི་ངང་འཕར་ཡོད།

སྲུང་སྐྱོང་དང་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་འབྱུང་འཕྲོད་གོང་འཕེལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད། རི་ཆུ་ནགས་ཞིང་མཚེའུ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོའི་ལས་གཞི་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ་དང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་5.1དང་འགྲམ་བཞིར་ཤིང་འཛུགས་རྐང་ཁྲི་77.1ལེགས་སྒྲུབ་བྱས་ཡོད། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་སྐྱེ་ཁམས་ཁྱམས་རིང་དང་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐྱེ་ཁམས་ཁྱམས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཆུ་དཔོན་མཚོ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་འཆར་འགོད་གང་མགྱོགས་བཟོས་པ་དང་། ཁུལ་གསུམ་ཐིག་གསུམ་དབྱེ་འབྱེད་གཏན་འཁེལ་ལས་དོན་བདེ་བླག་ངང་སྤེལ་བ། གཞི་རྩའི་རྩྭ་ཐང་དབྱེ་འབྱེད་གཏན་འཁེལ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བཅས་བྱས་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་རྩ། གཙང་ཆུ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཡག་ཚད་ཚང་མ་100%ཟིན་ཡོད། ངེད་གྲོང་ཁྱེར་འདི་རྒྱལ་ཡོངས་ཀྱི་སྙིགས་རོ་མེད་པའི་གྲོང་ཁྱེར་གྲས་སུ་བདེ་བླག་ངང་ཚུད་ཡོད། འཕྱོངས་རྒྱས་རྫོང་གིས་གྲུབ་འབྲས་དོད་པའི་ངང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་བཏོད་ཡོད། རི་ཆུ་ཀླུང་གསུམ་སྔོ་ཞིང་དྭངས་པ་དང་། ནམ་མཁའ་གཡའ་དག་པའི་མཛེས་ལྡན་རི་མོ་ཞིག་ལྷོ་ཁའི་ས་གཞི་ཆེ་མོར་བཀྲམས་བཞིན་ཡོད།

བདེ་དུས་ཉེན་ཟོན་གྱི་མཐའ་ཚད་སྲུང་ནས། བདེ་འཇགས་བརྟན་ལྷིང་གི་རྨང་གཞི་བརྟན་ཏུ་བཏང་བ། བློ་བརྟན་འགྱུར་མེད་སྒོ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་ནས། ཕྱོགས་བསྡུས་རང་བཞིན་གྱི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་99%ཟིན་པ་བཅས་བྱས་ཡོད། དུས་རབས་གསར་པའི་ཧྥུང་ཆའོ་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བས་ཡིག་འབུལ་ཞུ་བཅར་གྱི་ཁྲིམས་ཐག་གཅོད་རྒྱུའི་གྱོད་དོན་འདུམ་གཅོད་དང་རིམ་ཆད་སྤྲོད་འགྱངས་བཅོས་སྐྱོང་བྱེད་པའི་ཆེད་དམིགས་བྱེད་སྒོ་གཏིང་ཟབ་སྤེལ་བས། ཡིག་འབུལ་ཞུ་བཅར་གྱི་དོན་དག་དུས་བཀག་ལྟར་ལས་སྒྲུབ་ཐུབ་ཚད་98%ཡན་ཟིན་ཡོད། སྣེ་གདོང་ཆུས་དེ་དག་རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་དཔེ་སྟོན་རྫོང་དུ་བདམས་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་བཙན་པོ་དོན་ཚན་བཅོ་ལྔའི་ལག་བསྟར་ཇུས་གཞི་གཏན་འབེབས་དང་དོན་འཁྱོལ་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ནང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་བཅོས་སྒྲིག་ཤུགས་ཆེ་བྱས་པར་བརྟེན། ལོ་ཧྲིལ་པོར་བདེ་འཇགས་ལས་འཛོལ་ཐོན་གྲངས་དང་མི་ཤི་གྲངས་ལོ་གོང་མ་ལས་སོ་སོ་58.82%དང་46.15%ཆག་ཡོད། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཏང་སྲིད་དམག་ཉེན་དམངས་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པའི་མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།

དོ་དམ་ཁྲིམས་བཞིན་བྱས་ནས་ཞི་མཐུན་འགན་སྲུང་ཐོག་ལྷིང་འཇགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲུང་ཡོད། ཀྲུང་ཧྭ་མི་རིགས་སྤྱི་མཐུན་ཚོགས་པའི་འདུ་ཤེས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ཅེས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་སོགས་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་སྤེལ་ཞིང་། རང་རེའི་གྲོང་ཁྱེར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཁུལ་གཏོད་པའི་ཞིབ་བཤེར་རྩིས་ལེན་ནང་བདེ་བླག་བྱུང་བ་དང་། མཉམ་སྡེབ་དང་སྒེར་32ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་དུ་བདམས་ཡོད། ཏང་གི་ཆོས་ལུགས་ལས་ཀའི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ། ཁྲིད་སྟོན་བྱ་ཤུགས་ཆེ་རུ་གཏོང་བ། ཕན་འདོགས་པ་ལྔའི་ཚད་གཞི་མཐའ་འཁྱོངས། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཆབ་སྲིད་ཀྱི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཚད་གཞི་བཞི་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཞིག་བྱ་ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད། རྒྱ་ཆེའི་གྲྭ་བཙུན་ཚོའི་འཚོ་བའི་ཆ་རྐྱེན་ལེགས་བཅོས། ཆོས་ལུགས་ལས་དོན་གྱི་འཕར་སྣོན་མི་བྱེད་པ་གསུམ་མུ་མཐུད་དོན་འཁྱོལ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཞི་མཐུན་དང་བསྟན་དོན་ལམ་ལྷོངས། (པར་ངོས་གསུམ་པར་གཟིགས) (པར་ངོས་གཉིས་པར་མཐུད)དགོན་སྡེ་ཞི་མཐུན་ཡོང་བ་བྱས་ཡོད།

སྲིད་བརྩོན་དོན་གཉེར་དང་སྤྱོད་ཚུལ་འགྱུར་ལྡོག་བཏང་ནས། སྲིད་གཞུང་གི་སྲིད་འཛིན་ཕན་འབྲས་མངོན་པ་བྱས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རང་རྟོགས་ངང་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྤྱི་ཚོགས་ཕྱོགས་ཁག་ཐད་ཀྱི་ལྟ་སྐུལ་དང་ལེན་ཞུས་ཏེ། སྤུས་ཚད་མཐོ་པོས་དམངས་འཐུས་འཐུས་མིའི་གྲོས་འགོ་ངོ་གྲངས་85དང་། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ངོ་གྲངས་74སྒྲུབ་གཉེར་བྱས་ཤིང་། བསྒྲུབས་ལན་སློག་ཚད་དང་བློ་ཡིད་ཚིམ་ཚད། ངོ་འཕྲད་བྱེད་ཚད་བཅས་ཚང་མ་100%ཟིན་ཡོད། ཁྲིམས་བཞིན་སྲིད་འཛིན་དང་ལས་དོན་ཏན་ཏིག་སྒྲུབ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་ཐོག སྲིད་གཞུང་ཏང་ཙུའུ་ཡི་ལས་ཀའི་སྒྲིག་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་བ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་དམ་འཛིན་ཐད་ཀྱི་བྱ་ཐབས་ཁག་བཅུ་བཏོན་པ། སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་ཧུར་ཐག གློད་སྡོམ་ཞབས་གསུམ་དང་དྲ་གཅིག་སྒོ་གཅིག་ཐེངས་གཅིག་བཅས་ཀྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་ཞབས་ཞུའི་ཕན་ནུས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས། སྤྱོད་ཚུལ་བཞིའི་གནད་དོན་དང་ལྷག་དོན་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་པས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་དང་ལས་བརྩོན་གསར་གཏོད་ཀྱི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཐུབ་ཡོད།

ལོ་གཅིག་རིང་གི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁས་མཛངས་ལྡན་པའི་ཕྱོགས་སྟོན་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་དང་གྲོང་ཨུད་ཀྱི་བཀོད་འདོམས་ནུས་ལྡན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་ཁག་གི་སྒེར་མེད་རོགས་སྐྱོར། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བཅས་གནང་བའི་འབྲས་བུ་ཡིན། འདིར་ངས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ། དམངས་འཐུས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་དང་། ལྷོ་ཁར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལོ་མང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་། ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག་གི་དམིགས་ཚད་བླང་བྱ། ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་ཁུལ་ཁོངས་ཀྱི་འགྲན་རྩོད་རྣམ་པའི་མདུན་དུ་ང་ཚོས་ལས་དོན་ཁྲོད་ལྷག་པའི་གནད་དོན་དང་མི་འདང་བའི་ཆ་སྔར་བས་རིག་པ་དྭངས་གསལ་སྒོ་ནས་མཐོང་ཐུབ་པ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ད་དུང་ཐོགས་ས་འགག་མདོ་མང་དག་ཞིག་ཡོད་པ་དང་། གོ་ཆོད་མ་འཇོག་འཕར་ཤུགས་ཆུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་མི་སྙོམ་པ་དང་ཡག་པོ་མ་བྱུང་བའི་གནད་དོན་སྔར་བཞིན་ཡོད་པ། དམངས་འཚོའི་བདེ་རྩར་ད་དུང་ཞན་ཆ་ཡོད་པ་དང་། སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་གནད་འཕིགས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ད་དུང་མཐོ་རུ་གཏོང་དགོས་པ། ལས་བྱེད་པ་ཉུང་ཤས་ཀྱི་དམ་པ་དོན་གཉེར་གྱི་ནུས་པར་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་། ཆོད་སེམས་དེ་བས་འགྱུར་མེད་དང་བྱ་ཐབས་དེ་བས་ནན་པོ་སྤྱད་དེ་ཐག་གཅོད་བྱས་ཐོག གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་དང་མངག་བཅོལ་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:专版
ཉེ་དུས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ ཚོད་འཛིན་ལས་དོན་སྐོར་གྱི་སྙན་སེང་གསན་པ།
གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཁོངས་གཏོགས་མི་སྣའི་ལོ་གསར་བསུ་བའི་བཞུགས་མོལ་འཚོགས་པ།
ལོ་གསར་སྐབས་སུ་
སྲིད་གཞུང་གི་ལས་དོན་སྙན་སྒྲོན།