བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར། ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.38ཟིན་པ་དེ་དུས་མཚུངས་ལས་14.5%འཕར་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་ཐོག་མར་བརྒལ་ཡོད་པ་རེད།
ལོ་གཅིག་རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་འབབ་འཕར་གྱི་ལས་སྟེགས་བཏོད་དེ《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་བྱ་སྤྱོད་ལག་བསྟར་ཇུས་གཞི》བཏོན་པ་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཐབས་མང་མཉམ་དུ་སྤྱད་ནས། འབབ་འཕར་བྱ་སྤྱོད་སྤེལ་བས་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་4བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། རང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབབ་འཕར་གྱི་སྒུལ་ཤུགས་སྐུལ་སློང་བྱས་ཏེ། ནས་དང་། འབྲི་གཡག བོད་ལུག བོད་ཕག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ། དེ་ཉིད་དབུལ་སྒྲོལ་མི་འབོར་ལ་འབབ་འཕར་རྒྱུན་མཐུད་བརྟན་པོ་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ཡོད།
རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁུར་བས་2022ལོར་རང་ལྗོངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ནས་དབུལ་སྒྲོལ་མི་འབོར་རིམས་ནད་ཀྱིས་རྐྱེན་པས་དབུལ་ལོག་དང་བསྐྱར་ལོག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ལྗང་མདོག་བགྲོད་ལམ་བཏོད་དེ་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་འབབ་འཕར་བྱུང་བ་བགོ་འགྲེམས་བརྒྱབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་62.3ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་54.6ཟིན་པ་དེའི་ནང་དབུལ་སྒྲོལ་མི་འབོར་ཁྲི་20ཡན་ལ་ལས་ཞུགས་བརྟན་པོ་བྱུང་ཡོད། ལོ་ཧྲིལ་པོར་མ་དངུལ་སྒོར་ཁྲི་2570ལྷག་ཙམ་བཏང་ནས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པའི་ནང་དབུལ་སྒྲོལ་མི་འབོར་ལ་དམིགས་ནས་མངགས་ཐོ་རྣམ་པ་དང་མངགས་བཟོ་རྣམ་པའི་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཁྲི་1.4ཟིན་པ་དང་། དབུལ་སྒྲོལ་དུད་ཚང་གི་སྡོད་ཁང་ལ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། སྒྱུར་བཀོད་མ་དངུལ་དོན་འཁྱོལ་བྱས་པ། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་རྣམ་གྲངས་101ལག་ལེན་བསྟར་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་མི་གྲངས་ཁྲི་8.4ལྷག་ཙམ་ལ་ལས་ཞུགས་བརྟན་པོ་བཅས་བྱུང་བས། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་ཐུབ་པ་རེད།