2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་བྱ་རྒྱུ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བཅས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས། “དོན་ཆེན་བཞི”དང་“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་ཡག་པོ་བཟོས་ནས་གོང་འཕེལ་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཁྲོམ་རའི་ཡིད་རྟོན་འཕེར་ཤུགས་ཆེ་རུ་གཏོང་བ། འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བར་བྱེད་དགོས། གསོག་ཐེབས་ཕན་སྒྱུར་དང་འཕར་འབོར་ནང་འདྲེན། སྤུས་ཚད་ལེགས་གཏོང་། སྤྱི་འབོར་མང་གཏོང་། ཚབས་ཆེའི་ཉེན་ཁ་འགོག་སེལ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
འདི་ལོའི་ལས་དོན་གྱི་གཙོ་བོའི་སྔོན་དཔག་དམིགས་ཚད་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་8%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་8%དང་10%ཡས་མས་འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་ཡིན།
◆བདེ་འཇགས་མཐུན་སྒྲིལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ།
མི་རིགས་མཐུན་སྒྲིལ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ་དེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་བང་རིམ་དེ་བས་ཟབ་པར་རྒྱ་སྐྱེད་གཏོང་རྒྱུ་དང་། སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་བརྩོན་ལེན་བྱ་རྒྱུ།
ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ་སྟེ། “ཕན་ཡོད་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཏན་ཏིག་སྤེལ་རྒྱུ་དང་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། དགོན་སྡེའི་ནོར་ཁྲལ་ལ་ལྟ་སྡོམ་བྱ་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ།
དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྟེ། སིམ་འཛུལ་དང་ཁ་ཕྲལ་གཏོར་བཤིག་གི་བྱ་སྤྱོད་རིགས་ལ་དོགས་ཟོན་ཆེར་སྐྱེད་དང་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་ལ་སྐུལ་སྤེལ་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མ་ཟད། འགལ་ཟླ་རྩོད་གཞིའི་རིགས་ལེབ་བཤེར་དང་གཙང་སེལ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་རིགས་སྔོན་འགོག་དང་། རིགས་ཁག་གི་གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གཙང་སེལ། བཟའ་བཅའ་དང་སྨན་རྫས་ལྟ་སྡོམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རྒྱུན་མཐུད་ཡུན་རིང་བརྟན་ལྷིང་ཡོང་བ་བྱ་རྒྱུ།
◆“བརྟན་གསུམ”གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཡོངས་དཔལ་འབྱོར་གང་མགྱོགས་ལེགས་སུ་གཏོང་རྒྱུ།
དུས་རིམ་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་སྟེ། སྨན་བཅོས་སྲོག་སྐྱོབ་ནུས་པ་གང་མགྱོགས་ཆེ་རུ་གཏོང་རྒྱུ་དང་། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་འགན་སྲུང་གང་ཐུབ་བྱས་ནས་གཙོ་གནད་དུ་རྒན་རྒོན་དང་། བྱིས་པ། རྨང་གཞིའི་རང་བཞིན་གྱི་ནད་གཞི་ཕོག་མཁན་མི་ཚོགས་བཅས་ཀྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུ། བདེ་ཐང་འགན་ལེན་དང་། ཚབས་ཆེའི་ནད་གཞི་སྔོན་འགོག ནད་ཤི་ཉུང་གཏོང་བཅས་ལ་ཤུགས་བརྒྱབ་ནས་ཁྱབ་ཆེའི་ནད་ཡམས་ཀྱི་དུས་མཚམས་ལས་བདེ་བླག་ངང་གྲོལ་ཐུབ་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ།
ཐབས་བརྒྱ་ཇུས་སྟོང་གིས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བ་བྱ་རྒྱུ་སྟེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུ་མ་ཟད། “དོན་ཚན་38”དང་“དོན་ཚན་29”མུ་མཐུད་ལག་བསྟར་བྱ་རྒྱུ། ཁྲལ་རིན་གཉིས་གཅོག་དང་། ཁང་གླ་ཆག་ཡང་། དངུལ་བུན་ནར་འགྱངས། ཁེ་སྐྱོར་ལས་བརྟན། མཁོ་སྤྲོད་འགན་ལེན། རིན་གོང་བརྟན་པོ། དཀའ་སེལ་རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་སེམས་ཁམས་ཀྱི་སྔོན་དཔག་ལེགས་བཅོས་དང་གོང་འཕེལ་གྱི་གདེང་སྤོབས་ཆེ་རུ་གཏོང་རྒྱུ། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་གཞོན་ནུ་ལོ་ཆུང་དང་ལྷག་པར་དུ་མཐོ་རིམ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པ་བྱ་རྒྱུ་དེ་དམིགས་བསལ་གྱི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྲུ་སྣུམ་དང་སྔོ་ཚལ། སྒོ་ང་། དཀར་ཆུ་བཅས་དང་། དམའ་རིམ་ཚོང་ཟོག་གང་མང་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བ་བྱ་རྒྱུ། གཙོ་བོའི་ཚོང་ཟོག་འདྲེན་གཏོང་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་དང་། ཁྲིམས་སྒྱུར་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་ཟོག་གོང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ།
ཁྲོམ་རའི་བྱེད་པོ་ནི་དཔལ་འབྱོར་གོང་འཕེལ་གྱི་མཉེན་ཤུགས་དང་། གཏིང་ཤུགས། གདིང་གཞི་བཅས་ཀྱི་གནས་ས་ཡིན་པས། ང་ཚོས་བློ་གཅིག་སེམས་གཅིག་གིས་ཁོང་ཚོའི་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱས་ཏེ་འབྱུང་འགྱུར་གསར་གཏོད་བྱེད་དགོས།
◆མ་འཇོག་དང་འཛད་སྤྱོད་ལ་དམ་འཛིན་ནན་པོ་བྱས་ཏེ་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ།
ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ་སྟེ། “མ་འཇོག་དམ་འཛིན་ལོའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་མ་ཟད། འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་དང་། ཆེད་སྒྲུབ་ཚོགས་ཆུང་གིས་ཞབས་ཞུ་གཙང་སྒྲུབ། གསལ་ཐོ་ཅན་གྱི་བཀོད་གཏོང་སོགས་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་སྤེལ་བཏང་ནས་གཙོ་གནད་རྣམ་གྲངས་རིགས་ལ་མཉམ་དུ་ཞིབ་མཆན་འགོད་པ་དང་ཆད་རུང་ཞིབ་མཆན་འགོད་པའི་ལམ་ལུགས་བཟོ་རྒྱུ། སྔོན་གྲབས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”བོད་སྐྱོར་རྣམ་གྲངས་151ལག་བསྟར་གང་མགྱོགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་སོགས་དུས་རབས་ལས་གྲྭའི་ཞབས་ཞུར་འགན་སྲུང་བྱ་རྒྱུ། ལྷ་གཞིས་རིམ་མཐོའི་གཞུང་ལམ་དང་། སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་མཚམས་གློག་རླངས་ཅན་དུ་བསྒྱུར་བཀོད། ལྕེ་ཤོད་ཆུ་ཤུགས་གློག་ཁང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱས་ནས་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་མ་དངུལ་13%ཡས་མས་འཕར་བ་བྱ་རྒྱུ། “ཚོང་འགུག་མ་འདྲེན་གྱི་ཉིན་བརྒྱའི་འགག་གྲོལ་ལས་འགུལ”མུ་མཐུད་སྤེལ་རྒྱུ་དང་། བོད་ལྗོངས་འགྲེམས་ཚོགས་སོགས་རིགས་ཁག་གི་གཞི་རྟེན་ལ་བརྟེན་ནས་ཚོང་འགུག་མ་འདྲེན་གང་ཐུབ་བྱས་ཏེ་དེ་བས་མང་བའི་མ་དངུལ་བོད་ལྗོངས་སུ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ།
འཛད་སྤྱོད་ཁ་གསབ་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་སྟེ། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བའི་ཆེད་དོན་ལས་འགུལ་སྤེལ་རྒྱུ་དང་འཛད་སྤྱོད་ཀྱི་ཆེད་སྤྱོད་ཁ་གསབ་མ་དངུལ་བཀོད་སྒྲིག་བྱས་ནས་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་གྲས་བརྟན་འཁྱོངས་ཡོང་བ་བྱ་རྒྱུ། རྒན་གསོ་དང་། བུ་བཅོལ། ཁྱིམ་ལས། སྡེ་ལས་སོགས་ཞབས་ཞུའི་འཛད་སྤྱོད་གོང་འཕེལ་གང་མགྱོགས་གཏོང་རྒྱུ། སྡོད་ཁང་ལེགས་བཅོས་དང་། སློབ་གསོ་སྨན་བཅོས། རིག་གནས་ལུས་རྩལ་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ། བོད་ཀྱི“བྲོ་ལྡན་ཞིམ་ཟས”ཀྱི་ཁྲོམ་གཞུང་སོགས་འཛད་སྤྱོད་རྣམ་པ་ཁྱབ་སྤེལ་གཏོང་རྒྱུ་མ་ཟད། གུང་གསེང་དཔལ་འབྱོར་དང་། མཚན་མོའི་དཔལ་འབྱོར། ཁྲོམ་བཀྱག་དཔལ་འབྱོར་བཅས་གོང་འཕེལ་གཏོང་རྒྱུ། དྲ་ཐོག་དང་དྲ་མིན་གྱི་འཛད་སྤྱོད་བྱེད་སྟངས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རྫོང་ཁོངས་ཚོང་ལས་དང་དངོས་ཟོག་གཏོང་འགྲེམས་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བྱེད་འབོར་10%ཡས་མས་འཕར་ཐུབ་པའི་བརྩོན་ལེན་བྱས་ནས་འཛད་སྤྱོད་གང་མགྱོགས་སླར་གསོ་ཡོང་བ་དང་མཁོ་འདོན་གཉིས་ཀ་འཁྲུག་ཆ་དོད་དུ་གཏོང་རྒྱུ།
ང་ཚོས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། བོད་ཀྱི་གནས་ཚུལ་གྱི་ཁྱད་ཆོས་དང་གོང་འཕེལ་གྱི་དོན་དངོས་ལ་གཞིགས་ཏེ་མ་འཇོག་ཆེ་རུ་གཏོང་རྒྱུ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་ཡག་པོ་བཟོས་ནས་དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་དང་དཔལ་འབྱོར་གྱི་འབོར་ཚད་གང་མགྱོགས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།
◆ཐོན་ལས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་སྤུས་འབྲས་ལེགས་གཏོང་དང་ཁ་སྒྱུར་རིམ་སྤོར་བྱ་རྒྱུ།
ཐོན་ལས་དང་པོ་མུ་མཐུད་ལེགས་སུ་གཏོང་རྒྱུ་སྟེ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ནས་དང་། འབྲི་གཡག གཟན་རྩྭ་སོགས་དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཛུགས་པའི་ཚོད་ལྟ་སྤེལ་འགོ་འཛུགས་རྒྱུ། ཕྱུགས་རྩྭ་སྔོ་སྒྱུར་དང་རྩྭ་ར་བསྙལ་བར་སྐྱིན་གསབ་སྤྲོད་པའི་ཚོད་ལྟ་སྤེལ་རྒྱུ། སོན་བཟང་ཁྱབ་གདལ་གང་མགྱོགས་བཏང་ནས་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བ་བྱ་རྒྱུ་དང་། འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་བཟོ་རྒྱུ་དང་གོང་འཕེལ་གཏོང་རྒྱུ། ནས་དང་། འབྲི་གཡག བོད་ལུག བོད་ཕག བོད་བྱ། བོད་སྨན་སྨན་རྩྭ་སོགས་དམིགས་བསལ་ཐོན་ཁུངས་ལ་དམིགས་ཏེ། ཞིང་འབྲེལ་ཐོན་ལས་སྡེ་གླིང་ལ་བརྟེན་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མ་ཟད། བཀྲག་ཆེ་བའི་དཔེ་སྟོན་ཁག་གཅིག་གཏོད་རྒྱུ་དང་། “རིག་ནུས་ཞིང་འབྲོག་ལས”ཀྱི་ཚོད་ལྟ་ཁག་གཅིག་སྤེལ་རྒྱུ། འབྱུང་འཕྲོད་སྐྱེ་ལྡན་གྱི་དཔང་འདོན་ཐོན་སྐྱེད་རྟེན་གཞི་དང་ལེ་ལག་ཚང་སྒྲིག་གི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་ཉོ་འཚོང་བྱེད་པའི་ལས་སྟེགས་ཁག་གཅིག་བསྐྲུན་ནས་གྲངས་འབོར་ཉུང་ལ་སྤུས་ཀ་ལེགས་པ་དང་། རྩེར་སོན་ཞིང་མངགས་ཐོ་ཅན་གྱི་ལམ་བུ་གསར་པ་ཞིག་བཏོད་དེ་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་75ཡན་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ།
ཐོན་ལས་གཉིས་པ་མུ་མཐུད་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་སྟེ། བཟོ་ལས་སྣེ་འདྲེན་ཁེ་ལས་ཀྱི་མ་རྩ་འགུག་ཐབས་དང་སྐྱེད་སྲིང་ལས་གྲྭ་ལག་བསྟར་བྱས་ནས་དྭངས་གཙང་ནུས་རྒྱུ་དང་། ལེགས་ཆ་ཆེ་བའི་གཏེར་ཁ། ས་མཐོའི་ཡང་བའི་བཟོ་ལས། འབྱུང་འཕྲོད་ཨར་ལས་རྒྱུ་ཆ། སྤྱི་སྤྱོད་མཁའ་འགྲུལ། དེ་བཞིན་རང་བྱུང་འཐུང་ཆུ་སོགས་ཀྱི་ཁྱབ་ཁོངས་ནང་སྒོར་དུང་ཕྱུར་རིམ་པ་དང་། སྒོར་དུང་ཕྱུར་བཅུ་རིམ་པ། སྒོར་དུང་ཕྱུར་བརྒྱ་རིམ་པ་བཅས་ཀྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་གང་མགྱོགས་སྐྱེད་སྲིང་བྱ་རྒྱུ། ཀྲུང་ལུགས་དང་བོད་སྨན། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཐོན་ལས་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་འཕར་བ་བྱ་རྒྱུ།
ཐོན་ལས་གསུམ་པ་མུ་མཐུད་མཐོར་འདེགས་བྱ་རྒྱུ་སྟེ། དེང་རབས་ཞབས་ཞུའི་ལས་རིཌ་ཀྱི་སྤུས་འབྲས་ལེཌ་གཏོང་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་། སའི་གོ་ལའི་གླིང་སྣེ་གསུམ་པའི་ཁུལ་ཁོངས་ཀྱི་སྤྱི་པའི་གྲཌ་རྟཌ་གཏོད་རྒྱུར་ཤུཌ་སྣོན་རྒྱག་རྒྱུ། G318རྒྱུད་ཀྱི་རིག་སྐྲུན་གནས་ལྗོངས་ཡུལ་སྐོར་དང་། G219རྒྱུད་ཀྱི་མི་རིཌ་གོམས་སྲོལ་ཡུལ་སྐོར། G349རྒྱུད་ཀྱི་གསར་བརྗེའི་ཡུལ་སྐོར། དེ་བཞིན་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་ལྷོ་ཨེ་ཤེ་ཡའི་ཡུལ་སྐོར་སོཌ་ཀྱི་རྩ་ཆེའི་ཡུལ་སྐོར་འགྲོ་ལམ་གཏོད་རྒྱུ། “གནམ་མཚོའི་ཡུལ་སྐོར”དང“བོད་ལུགས་གསོ་རིག་གི་ལུས་བདེ་ཤ་བྲི”སོགས་ཁྱད་ལྡན་ཐོན་རྫས་སྟོབས་ཆེར་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡུལ་སྐོར་ཡོང་འབབ་ཁག་སོ་སོར་30%དང་25%ཡན་འཕར་ཐུབ་པ་བྱ་རྒྱུ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་15%ཡན་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་10%ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ།
◆གྲོང་ཁྱེར་དང་གྲོང་གསེབ་མཉམ་སྤེལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།
གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གཏོང་ཐབས་གཅིག་གྱུར་འཆར་འགོད་བཟོ་རྒྱུ་སྟེ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ནས་ལེ་ལག་ཚང་སྒྲིག་གི་དུད་ཚང་ཁྲི་2ལྷག་ཙམ་རྒྱག་རྒྱུ་དང་། ལྷ་ས་དང་གཞིས་རྩེ་སོགས་ཀྱི་གྲོང་ཁུལ་རྙིང་པར་སྲུང་སྐྱོབ་དང་ཁུལ་ཆུང་རྙིང་གོག་རིགས་བསྒྱུར་བཀོད་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་38%ཡན་ཟིན་པ་བྱ་རྒྱུ།
དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ཐད་ཤུགས་གང་ཡོད་རྒྱག་པ་དང་ཐབས་ཤེས་གང་ཡོད་འདོན་རྒྱུ་མ་ཟད། འཕྲོ་སྐྱོང་གི་ལས་དོན་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཤང་13དང་དཔེ་སྟོན་གྲོང་ཚོ་107བསྐྲུན་རྒྱུ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲོལ་བཟང་འཛུཌ་པའི་ལས་འགུལ་སྤེལ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་ནས་དུད་ཚང་ཁྲི་6ཡན་གྱི་མི་ཕྱུགས་སྡོད་ས་ལོགས་སུ་དབྱེ་རྒྱུ་དང་། གནས་འཕྲོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་220ཡན་བསྐྲུན་རྒྱུ།
ཁུལ་ཁོངས་གོང་འཕེལ་གཏོང་ཐབས་གཅིག་གྱུར་འཆར་འགོད་བཟོ་རྒྱུ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་བཟོ་སྒྲིག་དང“གྲོང་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། རིགས་མི་འདྲ་བའི་གླིང་ཁུལ་གོང་འཕེལ་གཏོང་ཐབས་ཀྱི་འཆར་འགོད་བཟོས་ནས་ཁུལ་ཁོངས་ཉེ་འབྲེལ་དང་ཐོན་ལས་འབྲེལ་མཐུད་ཀྱི་གླིང་ཁུལ་ལེགས་ཆ་ཕན་ཚུན་གསབ་རེས་བྱ་རྒྱུ་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ས་གྲོལ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་མ་ཟད། ཁེ་ལས་གླིང་ཁུལ་ནང་ཞུགས་པ་དང་། གཙོ་རྒྱུ་གླིང་ཁུལ་ནང་འཇོག་པ། ཞབས་ཞུ་གླིང་ཁུལ་ནང་སྒྲུབ་པ། རྫོང་རེར་གླིང་ཁུལ་རེ་ཡོད་པ་བཅས་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁྲིད་སྟོན་བྱས་པའི་ཁྱད་ལྡན་ཐོན་ལས་ཀྱི་གླིང་ཁུལ་མཉམ་དུ་གོང་འཕེལ་གཏོང་བའི་ཚོ་འདུས་ཤིག་ཆགས་པ་བྱས་ཏེ་གླིང་ཁུལ་དཔལ་འབྱོར་གྱི་སྤྱིའི་ཐོན་རྫས་རིན་ཐང་10%ཡན་འཕར་བ་བྱ་རྒྱུ།
(མུ་མཐུད་འགོད་རྒྱུ)