མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར། ཉེ་དུས་གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནི་འདི་ལོའི་གཙོ་གནད་ལས་དོན་གྱི་གྲས་ཤིག་ལ་བརྩིས་ནས། མཐའ་མཚམས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་པར་སྐུལ་འདེད་གཏོང་བ་དང་། ཐག་རིང་ལུང་ཁུག་གྲོང་ཚོར་ཕྱོགས་ནས“ཞབས་འདེགས་ཞུ་བ་དང་མི་སེམས་དྲོ་བའི”བྱེད་སྒོ་སྤེལ་བ། མཐའ་མཚམས་ཀྱི་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་འགྲམ་ནས་སེམས་རྩ་འཁོལ་བའི་ཞབས་འདེགས་ལོངས་སྤྱོད་ཐུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་མཐའ་མཚམས་ས་ཁུལ་རྗེས་ལུས་མི་ཐེབས་པ་དང་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པའི་འགན་ལེན་བྱས་ཡོད་པ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་དོན། 2022ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་པུའུ་ཨུད་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་བཟུང་སྟེ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མྱུར་པོ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ཡོད། མཐའ་མཚམས་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་མགྱོགས་མྱུར་ཕྱིན་པ་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ནས་ཀྲུང་གོ་དང་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཨུ་རུ་སུའི་རྒྱལ་མཚམས་སྒྲོལ་བའི་གཞུང་ལམ་ཟམ་ཆེན་དང་པོ་ཧེ་ཧོ་གཞུང་ལམ་ཟམ་ཆེན་དང་། ཀྲུང་གོ་དང་ཨུ་རུ་སུའི་གཙང་པོ་སྒྲོལ་བའི་ལྕགས་ལམ་ཟམ་ཆེན་དང་པོ་ཐུང་ཅང་གཙང་པོའི་ལྕགས་ལམ་ཟམ་ཆེན་ལ་རླངས་འཁོར་དང་མེ་འཁོར་ཤར་གཏོང་དང་སྐྱེལ་འདྲེན་གཉེར་སྐྱོང་བདེ་བླག་ཐུབ་ཡོད། མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ནས་ལེའོ་ཉིང་ཏུང་ཀང་གི་འབྲི་ཏ་ས་འཛིན་དང་། ཅི་ལིན་ཁྲང་པའེ་ཧྲན་རི་བོའི་མོག་རོ་ནག་པོ། བོད་ཀྱི་ནས་སོགས་རྒྱལ་ཁབ་ཀྱི་ཞིང་ལས་སྤུས་རྟགས་རྩེར་སོན་སྐྱེད་སྲིང་འཆར་གཞིར་ཚུད་ཡོད། མཐའ་མཚམས་འགག་སྒོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཞབས་འདེགས་ཧུར་ཐག་ཞུས་ནས་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ཤར་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་བྱས་པས། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཁྲི་1.6བཏང་བ་དུས་མཚུངས་ལས་9%འཕར་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་རོགས་དངུལ(གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན)འབྲེལ་མཐུད་དང་སྐུལ་འདེད་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་རྒྱབ་སྐྱོར་བྱ་ཡུལ་གལ་ཆེན་ཞིག་ལ་བརྩིས་ནས། 2022ལོར་མཐའ་མཚམས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་སྒོར་དུང་ཕྱུར་52.2བཀོད་སྒྲིག་བྱས་པ་དང་། 2023ལོར་མ་དངུལ་སྒོར་དུང་ཕྱུར་46.9སྔོན་ལ་བཏང་ནས་མཐའ་མཚམས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བར་ཁྱམས་བསྐྲུན་པ་དང་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཡོད་པ་རེད།
2023ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་རོགས་དངུལ་ཡག་པོ་སྤྱོད་པར་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ལས་དར་མི་འདུས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཐག་རིང་ལུང་ཁུག་གྲོང་ཚོར་ཕྱོགས་ནས“ཞབས་འདེགས་ཞུ་བ་དང་མི་སེམས་དྲོ་བའི”བྱེད་སྒོ་སྤེལ་བ། མཐའ་མཚམས་ཀྱི་མང་ཚོགས་ཚོར་རང་ཁྱིམ་གྱི་སྒོ་འགྲམ་ནས་སེམས་རྩ་འཁོལ་བའི་ཞབས་འདེགས་ལོངས་སྤྱོད་ཐུབ་པ། མཐའ་མཚམས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་རིགས་ཁག་མཉམ་དུ་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་དགོས།