ཕུ་མ་བྱང་ཐང་ཤང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་པ་དང་། འབྲུག་ཡུལ་དང་ས་འབྲེལ་ཡིན་ལ་མཐའ་མཚམས་རིང་ཚད་སྤྱི་ལེ་25ཡོད། ཤང་དེ་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་པ་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཡིན།
ཤར་སོག་གྲོང་ཚོའི་དགུང་ལོ་75ལ་ཕེབས་པའི་གྲོང་མི་དངོས་གྲུབ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཕུ་མ་བྱང་ཐང་བ་ཡིན་པ་དང་བགྲེས་སོང་ཁོང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཕྱིར་དྲན་གནང་སྐབས། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ང་ཚོའི་མེས་པོས་རྩྭ་ཆུ་བཟང་སར་འཚོ་སྡོད་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་ཅེས་གསུངས།
དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཤང་དེ་ཡོངས་ཀྱི་མང་ཚོགས་ལ་གཏན་འཇགས་ཀྱི་སྡོད་གནས་ཡོད་པར་གྱུར་ཞིང་། ཐོག་དཔངས་དམའ་ལ་གུ་དོག་པ། དཀར་ཆ་དོད་པོ་དེ་ཙམ་མེད་ཀྱང་ཆར་རླུང་འགོག་ཐུབ་ཀྱི་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཁང་མིག་རེ་རེ་བཞིན་ཕུ་མ་བྱང་ཐང་ཤང་དུ་བསྐྲུན་ཡོད། དངོས་གྲུབ་ཀྱིས། འདི་ནི་ཕུ་མ་བྱང་ཐང་བའི་སྡོད་ཁང་རབས་གཉིས་པ་དེ་ཡིན་ཞིང་། ཁང་པར་སྒོ་དང་སྒེའུ་ཁུང་ཡོད་ལ་ཁང་པའི་མདུན་དུ་སྒོ་རའང་ཡོད་པས། གྲོང་མི་ཚོའི་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་འགོ་ཚུགས་ཞེས་གསུངས།
2008ལོར་འཛམ་གླིང་ཡང་རྩེར་འཚོ་བ་སྐྱེལ་བཞིན་པའི་ཕུ་མ་བྱང་ཐང་གི་མང་ཚོགས་རྣམས་ཁོང་ཚོའི་སྡོད་ཁང་རབས་གསུམ་པའི་ནང་སྤོས་པ་རེད། 2019ལོར་ཤང་ཡོངས་ཀྱི་མང་ཚོགས་རྣམས་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི“འབྱོར་འབྲིང་ཁང་པའི”ནང་སྡོད་རྒྱུ་བྱུང་ཡོད། དངོས་གྲུབ་ཀྱིས་སྡོད་ཁང་ལེགས་སུ་སོང་བ་དེ་ནི་ཕ་ཡུལ་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་ཕྱིན་པའི་བསྡུས་རིས་ཤིག་ཡིན་པས་འབྱུང་འགྱུར་གྱི་འཚོ་བ་སྔར་ལས་ཀྱང་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཕུ་མ་བྱང་ཐང་ཤང་གི་ཏང་ཨུད་ཧྲུའུ་ཅི་དབྱང་ཐུང་པོ་ཡིས། ཤང་དེས་2017ལོར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཤིང་2019ལོར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཤང་དེ་ཡོངས་ཀྱི་དུད་ཚང་282ཀྱི་མི་1023ཚང་མ་“མཐའ་མཚམས་འབྱོར་འབྲིང་སྡོད་ཁང”ནང་སྤོས་པ་དང་། ཉལ་ཁང་དང་ཐབ་ཚང་། ཚོམས་ཆེན་སོགས་ཆ་ཚང་ཡོད་པར་མ་ཟད། ཆུ་དང་གློག་ཡང་ཤར་གཏོང་ཐུབ་ཡོད་པས་མང་ཚོགས་ཀྱིས་སྡོད་ཁང་འདི་རིགས་ལ་“འབྱོར་འབྲིང་སྡོད་ཁང”ཞེས་བརྗོད་ཀྱི་ཡོད་ཅེས་གསུངས།
ཕུ་མ་བྱང་ཐང་ཤང་གི་བསྡོམས་རྩིས་གྲངས་གཞིར་གཞིཊ་ན། (པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) 2021ལོར་ཕུ་མ་བྱང་ཐང་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19796ཟིན་པ་དེ་2011ལོ་ལས་སྒོར་15690མང་དུ་ཕྱིན་ཞིང་འཕར་ཚད་382%ཟིན་པ་དང་། ལོ་རེར་ཆ་སྙོམས་38.2%འཕར་ཡོད། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྫོང་ཡོངས་ཀྱི་ཤང་གྲོང་ཁྲོད་མདུན་གྲལ་དུ་སླེབས་ཡོད་པ་རེད།
འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཕུ་མ་བྱང་ཐང་གི་མིའི་ཚེ་ཚད་ལའང་ངོ་བོའི་ཐོག་ནས་མཆོང་སྐྱོད་བྱུང་ཡོད། ཕུ་མ་བྱང་ཐང་འཕྲོད་བསྟེན་ཁང་གི་གྲངས་གཞིར་གཞིགས་ན། 2011ལོར་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཆ་སྙོམས་ཚེ་ཚད་ལོ་45ཡིན་པ་དང་། 2021ལོར་ཤང་དེའི་ཞིང་འབྲོག་ཁུལ་གྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་54ཟིན་ཡོད།
ཕུ་མ་བྱང་ཐང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པ་དགེ་ལེགས་ཚུལ་ཁྲིམས་ཀྱིས་གསར་འགོད་པར། ཕུ་མ་བྱང་ཐང་ཤང་གི་ས་བབ་ཤིན་ཏུ་མཐོ་བ་དང་ལོ་གཅིག་ནང་གྲང་ངར་ཆེ་བའི་དགུན་དུས་ཀྱིས་ཟླ་བ་དགུ་ལྷག་ཟིན། རང་བྱུང་ཁོར་ཡུག་དང་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས། ཕུ་མ་བྱང་ཐང་ཤང་ནི་མིང་དོན་མཚུངས་པའི་ཚེ་སྲོག་གི་བཀག་སྡོམ་ཁུལ་དུ་གྱུར་ཡོད། ཡིན་ཡང་དེ་གའི་མང་ཚོགས་ཀྱིས་ཞུམ་པ་མེད་པར་ཚེ་སྲོག་གི་རྒྱུན་བསྐྱངས་ནས་ཁྱིམ་གཞིས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་གསུངས།
ད་ལོ་དགུང་ལོ་67ལ་ཕེབས་པའི་ཕུ་མ་བྱང་ཐང་ཤང་ཁྲ་ཕུག་གྲོང་ཚོའི་བགྲེས་སོང་ངག་དབང་ཚེ་རིང་གིས་གསར་འགོད་པར། གྲོང་ཚོའི་ནང་གི་རྒན་རྒོན་ཚོས་ལོ་རེར་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ཁམས་གསོ་ལྟེ་གནས་སུ་དུས་ཡུན་ཟླ་བ་གཅིག་རིང་ནད་གསོས་ཆོག སྲིད་གཞུང་གིས་ཆེད་མི་བཀོད་སྒྲིག་བྱས་ནས་རྒན་རྒོན་ཚོའི་རྒྱུན་ལྡན་གྱི་འཚོ་བ་དང་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་བྱེད་ཀྱི་ཡོད་ཅེས་གསུངས།
ཕུ་མ་བྱང་ཐང་ཤང་ན་མོ་ཆེ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རིན་ཕུན་ཚོགས་ཀྱིས། རྒྱལ་ཁབ་ཀྱི་སྲིད་ཇུས་ལོ་རེ་ལས་ལོ་རེར་ལེགས་སུ་ཕྱིན་པས་མཐའ་མཚམས་མི་སེར་ལ་ལྟོ་གོས་ཐད་སེམས་ཁྲལ་མེད་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད་ཅེས་གསུངས་པ་རེད།