འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་གྱི་རྒྱབ་སྐྱོར་སྲིད་ཇུས་གསར་པ(“ཕྱིར་སློག་དང་། ཁྲལ་འཕྲི། རྩ་ཆག ཡང་གཏོང་། ནར་འགྱངས”ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲལ་གྲོན་ཞབས་ཞུ་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་མགྱོགས་པོ་བྱས་ནས་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་རྒྱུར་གསོན་ཤུགས་བསྣན་པ་དང་། དཀའ་ངལ་སེལ་རྒྱུར་སྒུལ་ནུས་རྒྱུན་མཐུད་ངང་བསྣན་པ། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་བ་བཅས་བྱས་པ་རེད།
ཁྲལ་དངུལ་ཕྱིར་སློག་བྱས་ནས་ཀུན་ལ་ཕན་པ་ཐོབ་རྒྱུར་ནུས་ཤུགས་བཏོན་པ།
སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་གསར་པའི་ཁྲོད་གཞི་ཁྱོན་ཆེ་བའི་ཁྲལ་སློག་སྲིད་ཇུས་ནི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གྲངས་གཞི་ཆེན་པོ་སྤྱད་དེ་སྔ་སྣུར་དུ་གཞི་གྲངས་མཐིལ་རྟོགས་བྱས་ནས་གནས་གཏན་འཁེལ་གྱི“སྐྱེལ་སྤྲོད”སྲིད་ཇུས་དང་བྱེད་ཐབས་མང་པོ་སྤྱད་ནས་ཁེ་ལས་ལ་ཁྲལ་སློག་རེ་ཞུའི་ཟུར་ཁྲིད་བྱས་ཏེ་སྲིད་ཇུས་དོན་འཁྱོལ་ནས་ཕྱོགས་ཡོངས་སུ་ཁྱབ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།
ཕྲན་ཚེགས་ཁེ་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ལས་དོན་མ་སྤེལ་གོང་གྲ་སྒྲིག་འདྲི་གཅོད་ཀྱི་གོ་རིམ་བཟོས་པ་དང་། ཁྲལ་སློག་བརྒྱུད་རིམ་གྱི་ཐོག་མའི་ཞིབ་བཤེར་དང་བསྐྱར་ཞིབ་ཀྱི་དུས་ཚོད་སོགས་ཐུང་དུ་བཏང་བ། ཕྲན་ཚེགས་ཁེ་ལས་ལ་གང་མགྱོགས་ཁྲལ་སློག་གི་ལས་སྒོ་གཉེར་རྒྱུར་མཛུབ་ཁྲིད་ཧུར་ཐག་བྱས་པ། ཁྲལ་སློག་གི“མ་དངུལ་སྤྱོད་ཐབས”ལ་བརྟེན་ནས་ཁྲོམ་རའི“གཞི་གདན”གང་འགབ་ཅི་སྤྱོད་བཅས་བྱས་ནས་ཁྲལ་སློག་གི་མ་དངུལ་འཕྲལ་མར་ཁྲོམ་རའི་བྱེད་པོར་ཐད་ཀར་གནད་སྨིན་ནུས་ཆེའི་ངང་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།
དཀའ་ངལ་ཆུང་དུ་བཏང་ནས་ཁེ་སྤོགས་སྤྲད་པ།
“ཁྲལ་དྲུག་གྲོན་གཉིས”ཀྱི་ཉུང་འཕྲིའི་ཁྱབ་ཁོངས་རྒྱ་སྐྱེད་དུ་བཏང་སྟེ་ཕྲན་ཚེགས་ཁེ་ལས་ཀྱི་ཁུར་པོ་སྔར་བས་ཡང་དུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་དོན་སྡེ་ཚན་གྱིས“དྲ་ཐོག་དང་དྲ་ཕྱི”དང“ཁ་ཕྱོགས་གཏན་འཁེལ་གྱིས་ཞབས་ཞུ་ཞིབ་ཚགས་དང་སྲིད་ཇུས་གནད་སྨིན་དོན་འཁྱོལ”ཟུང་འབྲེལ་གྱི་ཞབས་ཞུའི་རྣམ་པ་མཐའ་འཁྱོངས་བྱས་ནས་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཞབས་འདེགས་ཞུས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་ཐད་ཀར་ལོངས་སྤྱོད་གང་མགྱོགས་ཐུབ་པའི་འགན་ལེན་བྱས་ཤིང་། དྲ་ཐོག་ཁྲལ་དོན་ཅུས་ཀྱིས“ཁེ་སྤོགས་རྩིས་ཐོའི་ནུས་པ”ཁྱབ་གདལ་བཏང་བ་དང་། དྲ་ཐོག་སྲིད་དོན་གྱི་དུས་ཐེངས་གསུམ་པ་དང་བཙོངས་འཛིན་གྱི་དྲ་ཐོག་རྩིས་ཐོའི་མ་ལག་ལ་བརྟེན་ནས་ཁྲལ་བསྡུའི་གྲངས་གཞི་ཆེན་པོ་སྔོག་འདོན་གཏིང་ཟབ་བྱས་པ། ཕྱོགས་མང་པོ་ནས་སྡོམ་རྩིས་དབྱེ་ཞིབ་བྱས་པ། དུས་ཐོག་ཏུ་ཁྱད་ཆོས་ཅན་དང་ཁྲལ་རིགས་དབྱེ་བའི་ཁེ་སྤོགས་རྩིས་ཐོ་བཟོས་པ། ཁེ་ལས་ལ་ཁུར་པོ་ཡང་གཏོང་གི་རྩིས་ཐོ་དང་། ཡོང་འབབ་ཀྱི་རྩིས་ཐོ། འཕེལ་རྒྱས་ཀྱི་རྩིས་ཐོ་བཅས་ཡག་པོ་བཟོ་རོགས་བྱས་ཡོད། ཁེ་ལས་ཀྱིས་འགྲོ་གྲོན་ཞིབ་སྤེལ་གྱི་སྣོན་འཕྲིའི་སྲིད་ཇུས་ཀྱི་གནས་ཚུལ་དང་དགོས་མཁོར་བརྟག་ཞིབ་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས“ལྷོ་ཁའི་བློ་གྲོས་ཀུན་གཏོད་ལྟེ་གནས”དང་མཉམ་ལས་བྱས་ཏེ་ལས་རིགས་དང་གཞི་ཁྱོན་དབྱེ་ནས་འགྲོ་གྲོན་ཞིབ་སྤེལ་གྱི་སྣོན་འཕྲིའི་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་དོན་འཁྱོལ་ཐུབ་པར་བྱས་པ་རེད།
དཔྱ་ཁྲལ་རྩ་ཆག་བཏང་ནས་གསོན་ཤུགས་འཕེལ་བར་བྱས་པ།
གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བ་ནི་ཆེས་རྒྱ་ཁྱབ་དང་ཉེན་ཁ་འགོག་ནུས་ཆུང་ཤོས་ཀྱི་ཁྲོམ་རའི་བྱེད་པོ་ཞིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་ལ་དམ་པོར་དམིགས་ནས“ཡར་ཀླུངeཁྲལ”གྱི་ཁྲལ་བསྡུའི་ཁེ་ལས་ཀྱི་མཉམ་འགུལ་ལས་སྟེགས་བཏོད་དེ་དྲ་ཐོག་གི“སྤྲིན་ཚོམ་སློབ་ཁང”བཙུགས་པ་དང“སྤྲིན་སྣེའི་ཐད་གཏོང”སྤྱད་དེ་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ཁྲལ་འཇལ་བར“སྤྲིན་ཚོམ་གསལ་བཤད”ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་གྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་ཡོང་བར་རམ་འདེགས་བྱས་པ་རེད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གྱི་བློ་འདྲིའི་ཞབས་ཞུའི་ཆེད་དོན་ལས་གནས་བཀོད་སྒྲིག་བྱས་ནས་ཁྲལ་སློག་ལས་དོན་འཕྲལ་མར་གཉེར་བའི་ལས་སྒོའི་ལས་རིམ་བཙུགས་ཏེ་ཞབས་ཞུའི་ལས་རིགས་ལ“གཞན་བརྟེན་རྣམ་པའི”དཀའ་སེལ་རོགས་སྐྱོར་བྱས་ཤིང་། ཟླ་དང་པོ་ནས་དགུ་པའི་བར། གྲོང་ཁྱེར་ཡོངས་ཀྱིས་ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་སྣོན་འཕྲིའི་སྲིད་ཇུས་དང་དེ་བཞིན་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་གནས་ཐང་འཕར་ཁྲལ་མི་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྱོན་སྒོར་ཁྲི་900ཆག་ཡང་དང་རྩ་ཆག་བཏང་བ་རེད།
ཁུར་པོ་ཡང་དུ་བཏང་ནས་གནོན་ཤུགས་ཆུང་དུ་བཏང་བ།
དུས་མཚམས་རང་བཞིན་གྱི་ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་བ་དང་ཕྲན་ཚེགས་ཁེ་ལས་ཀྱི་ཐོབ་ཁྲལ་ལ་གཟིགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་མཐུད་ངང་ལག་བསྟར་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས“གསེར་གྱི་རྟགས་མའི་ཁྲལ་ཁྲིད་པའི”ཞབས་ཞུ་ཁྱབ་གདལ་བཏང་སྟེ་གྲོན་འཇལ་བས་བཏོན་པའི་སྤྱི་ཚོགས་འགན་བཅོལ་གྱི་ཁྲལ་མིན་བློ་འདྲི་དུས་ཐོག་ཏུ་བདག་སྤྲོད་དང་དེར་ལན་བརྒྱབ་ནས་ཐོག་མའི་དྲི་བར་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཡོད། “གཞོན་ནུ་དང་བླངས་པ་བརྒྱ་ཡི་ཞབས་ཞུའི་འཕྲལ་སྒྲུབ་རུ་ཁག་ལྷོ་ཁའི་ཡན་ལག་རུ་ཁག”དང“སྐལ་བཟང་མེ་ཏོག་དྲིལ་བསྒྲགས་ཚོགས་པ”སོགས་དང་བླངས་ཞབས་ཞུའི་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ཏེ་གྲོན་དངུལ་གཅོག་པ་དང་ཁུར་པོ་ཡང་དུ་གཏོང་བའི“དྲིལ་བསྒྲགས་ཆེན་པོ་དང་བཅར་འདྲི་ཆེན་པོའི”བྱེད་སྒོ་སྤེལ་ནས་ཕྲན་ཚེགས་ཁེ་ལས་དེ་བས་མང་བ་ཞིག་གི་ཁུར་པོ་ཡང་དུ་གཏོང་བ་དང་སྲིད་ཇུས་ཀྱི་ཁེ་སྤོགས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་པ་རེད།
ཁྲལ་འཇལ་ནར་འགྱངས་བྱས་ནས་གཏིང་ཤུགས་འཕེལ་བར་བྱས་པ།
ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་དོན་སྡེ་ཚན་གྱིས“སློབ་སྦྱོང་དང་། གདམ་གསེས། དྲིལ་བསྒྲགས། དགོས་མཁོ། བྱ་སྤྱོད”བཅས་ཀྱི་ལས་ཀའི་བྱེད་ཐབས་ཁྱབ་གདལ་བཏང་སྟེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་ནར་འགྱངས་ཀྱི་ལས་ཀའི་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ་གནད་སྨིན་ནུས་ཆེའི་ཞབས་ཞུར་བརྟེན་ནས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་དཀའ་ངལ་སེལ་རོགས་ཀྱིས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་དོན་སྡེ་ཚན་གྱིས་ད་དུང“དྲ་ཐོག་ཞབས་ཞུ་གཙོ་བོར་བྱེད་པ་དང་ཞབས་ཞུའི་ཆེད་མངགས་པས་ཐ་སྐྱོང་བའི”ཁྲལ་འཇལ་ཞབས་ཞུའི་བྱེད་སྟངས་སྤྱད་དེ་ཁེ་ལས་ཀྱི་ཁྱད་ཆོས་དང་ལས་སྒོའི་དགོས་མཁོར་དམིགས་ནས“དྲ་མིག་ཅན”གྱི་གནད་སྨིན་ཟུར་ཁྲིད་དང་རྒྱང་ཁྲིད་རོགས་སྒྲུབ་སོགས་ཞབས་ཞུའི་ལས་དོན་སྤེལ་ནས་ཁྲལ་འགྱངས་སྲིད་ཇུས་ཀྱི་ཁེ་སྤོགས་དྲ་རྒྱ་བརྒྱུད་ཕན་ཆེ་དང་སྟབས་བདེའི་ངང་ཁེ་ལས་ལ་ཕན་པ་ཡོངས་ཁྱབ་ངང་ཐོབ་པའི་འགན་ལེན་བྱས་པ་རེད།