“བསམ་བློའི་ཐད་མཐོ་ཚད་ངེས་ཅན་ཞིག་སླེབས་ཚེ་མི་རིགས་འདི་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་རི་རྒྱལ་ལྷུན་པོ་བཞིན་གནས་ཐུབ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་ཕྱོགས་སུ་སྐྱོད་ཐུབ”
2022ལོའི་ཟླ་4ཚེས་25ཉིན། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་ཝང་ཐུང་ཐུང་གིས་དགའ་ཚོར་ཆེན་པོའི་སྒོ་ནས“སྒྲོག་ཙེ་གཅིག་པའི”སློབ་གྲོགས་གསར་པ་ཞིག་མཐོང་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡིན་པ་རེད།
ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་ལ་ཕེབས་ནས་གཞོན་ནུ་སློབ་མ་ཚོ་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་བགྲོ་གླེང་གནང་བ་རེད།
“དམིགས་བསལ་གྱི‘སྒྲོག་ཙེ་གཅིག་པའི’སློབ་གྲོགས་ཁོང་བྱམས་བརྩེ་ཧ་ཅང་ཆེན་པོ་འདུག”ཅེས་ཝང་ཐུང་ཐུང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད།
བསམ་བློའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བསམ་གཟབ་བཞེས་གནང་བ་སྟེ་བསམ་བློ་ནི་མི་རིགས་གཅིག་ཡུན་རིང་འཚོ་གནས་ཐུབ་པའི་རྣམ་ཤེས་ལྟ་བུ་ཡིན་པ་དང་བསམ་བློའི་ཐད་མཐོ་ཚད་ངེས་ཅན་ཞིག་སླེབས་ཚེ་མི་རིགས་འདི་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་རི་རྒྱལ་ལྷུན་པོ་བཞིན་གནས་ཐུབ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་ཕྱོགས་སུ་སྐྱོད་ཐུབ་ཅེས་གསུངས།
བྱིས་དུས་སུ《གཡོད་ཧྥེ་ཡི་ཨ་མས་ཡི་གེ་གཙག་པ》ཞེས་པ་བཀླགས་ནས“ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ”ཞེས་པ་ཚེ་གང་དོན་གཉེར་བྱེད་པའི་དམིགས་ཚད་དུ་བརྩིས་གནང་ཡོད། ད་བར་བསམ་པའི་དོན་གཉེར་དེ་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཐུགས་ལ་བཅངས།
འདི་ནི་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་ནང་གི་མི་སེམས་འགུལ་བའི་རྣམ་པ་ཞིག་སྟེ།
(པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) “ཁྱེད་རྣམ་པ་དགུང་ལོ་མཐོ་པོ་འདི་འདྲ་ཡིན་རུང་སྐུ་གཟུགས་ཡག་པོ་འདུག ཁྱེད་རྣམས་བཞེངས་ནས་མ་བཞུགས་པར་ངའི་འཁྲིས་སུ་བཞུགས་པར་ཕེབས”
2017ལོའི་ཟླ་11ཚེས་17ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་འཐུས་མི་ཚོ་དང་ལྷན་བཞུགས་སྐུ་པར་བསྐྱོན་སྐབས་ཧོང་ཞུས་ཧྭ་དང་ཧོང་ཏ་ཧྥ་དགུང་ལོ་མཐོ་པོར་ཕེབས་ཟིན་པས་བྱམས་བརྩེའི་ངང་ཁོང་གཉིས་རང་ཉིད་ཀྱི་འཁྲིས་སུ་བཞུགས་སུ་བཅུག
ཁོང་གཉིས་འཚེར་སྣང་ཆེན་པོ་བྱུང་ཡང་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང“ཤོག་དང་། འཚང་ཁ་རྒྱག་ཆོག་གི་རེད”ཅེས་གསུངས། གནས་ཚུལ་དེ་དང་འདྲ་བ་ཧོ་པེ་ཧྲི་ཅ་ཀྲོང་དུའང་ཐོན་མྱོང་། 2013ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེར་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས། མཉམ་བཞུགས་སྐུ་པར་བསྐྱོན་སྐབས་ལོ་80ལྷག་ཙམ་ལ་སོན་པའི་བློ་མཐུན་རྒན་གྲས་ཅིག་གིས་འཁར་རྒྱུག་འཁྱེར་ནས་གཞོགས་གཅིག་ཏུ་ལངས་པ་གཟིགས་སྐབས་ཁོང་གིས“དགུང་ལོ་མཐོ་པོ་དེ་འདྲ་ཕེབས་རུང་ད་དུང་རྒྱབ་ལ་བཞེངས་ན་འཚམ་མམ། རྐུབ་བཀྱག་ཅིག་བརྒྱབ་ནས་བློ་མཐུན་རྒན་གྲས་ཁོང་མདུན་དུ་ཞུགས་སུ་བཅུག”ཅེས་གསུངས།
སྤྱོད་བཟང་ལ་གུས་བཀུར་དང་རྒན་རྒོན་ལ་བརྩི་འཇོག་དང་བརྩི་བཀུར་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དེ་ཞི་ཅིན་ཕིང་གིས་ལོ་བཅུ་གྲངས་ཁ་ཤས་རིང་རྒྱུན་འཁྱོངས་གནང་བ་མ་ཟད། དངོས་སུ་ལག་ལེན་ཀྱང་གནང་ནས་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་ཀྱི་སྲོལ་བཟང་ཆགས་པར་གནང་ཡོད།
ཧྥུའུ་ཀྲོའུ་ནི་ལིན་ཙེ་ཞུས་ཀྱི་ཕ་ཡུལ་ཡིན་པ་དང་དེ་སྔའི་དུས་ཤིག་རིང་ས་གནས་དེ་གའི་ལིན་ཙེ་ཞུས་ཀྱི་བཞུགས་གནས་སོགས་ཤུལ་རྙིང་ཡུན་རིང་ཉམས་བཟོ་མ་བྱུང་བར་ཉམས་ཆག་ཆེན་པོ་བྱུང་ཡོད།
1990ལོའི་ཟླ་5པར་གསར་འགྱུར་སྨྱན་སྦྱོར་ལ་ཡི་གེ་བཀུར་ནས་ལིན་ཙེ་ཞུས་ཀྱི་བཞུགས་གནས་རྙིང་པ་དང་བང་སོར་སྲུང་སྐྱོབ་བྱེད་དགོས་པའི་གནད་དོན་བརྗོད།
ལོ་དེའི་ཟླ་6པར་ཞི་ཅིན་ཕིང་ཧྥུའུ་ཀྲོའུ་རུ་ལས་གནས་བཞེས་ནས་ཡུན་རིང་མ་སོང་བར་ལིན་ཙེ་ཞུས་ཀྱི་དྲན་གསོ་ཁང་དུ་རྗེས་ཤུལ་སྲུང་སྐྱོབ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བར་ཕེབས་པ་དང་། དེ་རྗེས་ཀྱི་ལོ་ཤས་བསྟུད་མར་ལིན་ཙེ་ཞུས་ཀྱི་བཞུགས་གནས་རྙིང་པ་ཉམས་བཟོ་དང་སྲུང་སྐྱོབ་ལས་དོན་གྱི་ཆེད་དོན་ཚོགས་འདུར་ཞུགས་པ་དང་སྦྲགས་གཙོ་སྐྱོང་ཡང་གནང་བ་རེད།
1995ལོའི་ཟླ་6པར། སྐབས་དེ་དུས་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་ལིན་ཙེ་ཞུས་ཀྱི་ཟངས་བརྙན་གྱི་ཡོལ་བ་འབྱེད་པའི་མཛད་སྒོར་ཞུགས་སྐབས་སེམས་འགུལ་ཐེབས་བཞིན་དུ“དེ་རིང་ང་ཚོའི་ཕ་ཡུལ་གྱི་མི་དམངས་ཚོས་ལིན་ཙེ་ཞུས་ཀྱི་ཟངས་བརྙན་བསླངས་པ་དེ་ནི་སོ་སོ་རང་ཉིད་ལ་ལྕག་སྐུལ་བྱེད་པ་དང་རྗེས་རབས་ཚོར་སློབ་གསོ་བརྒྱབ་སྟེ་ལིན་ཙེ་ཞུས་ཀྱི་ལུས་ཐོག་ནས་མངོན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དེ་ཉིད་ནམ་ཡང་དར་རྒྱས་གོང་འཕེལ་གཏོང་ཆེད་རེད”ཅེས་གསུངས།
སྙིང་སྟོབས་ནི། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་འདུས་པ་ཙམ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མི་སྣའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གཟི་བརྗིད་ལྡན་པའི་ལོ་ཟླའི་ཁྲོད་དུའང་འཁོད་ཡོད།
2021ལོའི་ཟླ་4ཚེས་25ཉིན། ཀོང་ཤིས་དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཙང་པོའི་གཡུལ་འགྱེད་དྲན་གསོ་ཁང་དུ། སྣུམ་ཚོན་རི་མོ《ཁྲེན་ཧྲུའུ་ཤང》ཞེས་པའི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་གཟིགས་ནས་བཞུགས། རི་མོའི་ནང་། ཁྲེན་ཧྲུའུ་ཤང་སྒོ་ཁྲིའི་སྟེང་དུ་ཉལ་ནས་གྲོད་པ་ནས་ཁྲག་དམར་ཆིལ་ལེར་དོན་གྱིན་ཡོད། དམར་དམག་གི་གཙོ་ཤུགས་དམག་གཙང་པོ་སྒྲོལ་བར་འགེབས་སྲུང་བྱ་ཆེད། ཧྲི་ཀྲང་ཁོང་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། སྐུ་གཤེགས་སྐབས་ལོ་29ལས་ཟིན་མེད་པ་རེད།
“བཀག་བཅད་ས་མཚམས་བཞི་གང་དུ་ཡོད་དམ” “ཤང་ཅང་གཙང་པོའི་ཆུ་གཏིང་རིང་ལོས་ཡོད་དམ” “དམག་འདི་བརྒྱབ་ནས་དམར་དམག་ག་ཚོད་གྲོངས་སམ”ཞེས་པ་ལ་སོགས་སྤྱི་ཁྱབ་ཧྲུའུ་ཅིས་ནན་ཏན་ངང་གཟིགས་པ་མ་ཟད། བཀའ་འདྲིའང་ཞིབ་ཕྲ་གནང་།
“གལ་ཏེ་དཔའ་ངར་ཞུམ་མེད་དང་རང་སྲོག་ཤོར་བར་མི་འཛེམས་པའི་དམར་དམག་གི་དཔོན་དམག་འདི་དག་མེད་ན། དམར་དམག་དགྲ་བོའི་བཀག་བཅད་ས་མཚམས་ལས་ཇི་ལྟར་སྒྲོལ་ཐུབ་བམ། མ་ཟད་གདོང་མཆོང་བྱས་ནས་ཚེ་སྲོག་མང་པོ་དེ་འདྲ་བློས་བཏང་ནའང་ད་དུང་ཕམ་ཞིག་ཏུ་སོང་མེད། བརྟེན་ས་གང་རེད་དམ་ཞེ་ན། དེ་ནི་ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་རེད”
བབ་ཆགས་པའི་བཀའ་མོལ་ལས་བརྗིད་རྔམ་ཆེ་བའི་བསམ་པའི་ཟིལ་ཤུགས་རབ་ཏུ་འཕེལ།
ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དུ་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེར“ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས”ཞེས་འབོད་གནང་། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ། ཚང་མར“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས། ‘ཤར་རླུང་གི་སྙིང་སྟོབས’བཅས་དར་སྤེལ་གཏོང་དགོས་པའི”སྐུལ་ལྕག་གནང་། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་སྐབས། ཧྲེན་ཀྲེན་ནི“ཤོག་བུ་དཀར་པོའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་མཚར་རྣམ་པ་འཁོད་པ་ཞིག་རེད”ཅེས་གསུངས་པ་སོགས།
“རང་རྒྱལ་གྱི་ས་གཞི་ཆེ་མོར་ཐོག་བརྩེགས་ཁང་ཆེན་ནགས་ཚལ་ལྟ་བུ་སྐྲུན་སྐབས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁང་ཆེན་ཡང་བརྗིད་ཆགས་འགྱིང་ངེར་ལངས་དགོས་ངེས་རེད”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོ་དང་རིག་གནས་ཀྱི་རང་རྟོགས་ཟབ་མོས་ཀྲུང་ཧྭའི་རིག་གནས་ཡར་ཐོན་ལྷུར་ལེན་དང་སྤྱོད་བཟང་ཐེག་ཆེའི་ཕུལ་བྱུང་གི་སྲོལ་རྒྱུན་དུས་རབས་གསར་པར་གཟི་མདངས་གསར་པ་རྒྱས་པར་གནང་བ་མ་ཟད། བརྗིད་རྔམ་ཆེ་ཞིང་སྤོབས་པ་ལྡན་པའི་ཀྲུང་གོའི་སྙིང་སྟོབས་དང་ཟིལ་རླབས་འཕྱུར་ཞིང་དཔའ་ངར་ཆེར་སྐྱེད་ཀྱི་ཀྲུང་གོའི་སྟོབས་ཤུགས་རབ་ཏུ་འཕེལ་བར་གནང་ཡོད།
“དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ”
1986ལོའི་ཉིན་ཞིག་ལ་སྐབས་དེ་དུས་ཞ་མོན་གྲོང་ཁྱེར་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གྲབས་འཛུགས་ཁྲུའུ་ཡི་འགན་འཁུར་བ་སྤར་ཁའི་ཐོག་ཁང་ཉམས་བཟོ་ལས་ཀའི་གཙོ་འགན་ཁུར་བཞིན་པའི་ཀུང་ཅེ་ཡིས་ལས་དོན་སྙན་སེང་ཞུས་ཟིན་ཏེ་ཚོམས་ཆེན་ནས་ཕྱིར་ཕེབས་བཞིན་པའི་ཞི་ཅིན་ཕིང་གི་ཕྱག་ནས་འཇུས།
“བློ་མཐུན་གྲོང་སྤྱི་གཞོན་པ་ལགས། སྤར་ཁ་ཐོག་ཁང་ལ་ལྟ་སྐོར་ཞིག་གནང་བར་ཕེབས་དང”ཞེས་ཞུས་པར།
“འགྲིག་གི་རེད”ཅེས་ཞི་ཅིན་ཕིང་གིས་ལམ་སེང་ཞལ་བཞེས་གནང་།
1907ལོར་བསྐྲུན་པའི་སྤར་ཁ་ཐོག་ཁང་ནི་ཀུའུ་ལང་ཡུས་གླིང་ཕྲན་ཐོག་གི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་ཤིག་ཡིན་ཡང་། ཐོག་ཁང་གི་གྲུབ་ཆ་གསུམ་པོ་ཁ་ཐོར་དགུ་ཐོར་དུ་གྱུར་ཡོད་པ་དང་། ས་འོག་གི་ཁང་པའི་ནང་དུད་ཚང་10ལྷག་ཙམ་བསྡད་ཡོད་ཅིང་། གོམ་པ་སྤོ་ཐེངས་རེར་ཐོག་པང་ཡང་མཉམ་དུ་འགུལ་གྱི་ཡོད།
ཞི་ཅིན་ཕིང་གིས་སྒོ་རའི་ནང་བསྐོར་བ་ཞིག་བསྐྱོན་པ་རེད། ཀུང་ཅེ་ཡིས“ད་དུང་ཐོག་ཁའང་དེ་ལྟར་རེད”ཅེས་ཞུས་པར། ཞི་ཅིན་ཕིང་གིས“ངས་རང་གི་བསམ་ཚུལ་ཤེས་སོང” “ད་དུང་ག་ཚོད་འདང་གི་མི་འདུག”ཅེས་ཕེབས་ཞོར་དུ་བཀའ་འདྲི་གནང་།
“ཁྲི་30འདང་གི་མི་འདུག”ཅེས་ཞུས་པར།
“སང་ཉིན་ལེན་པར་ཤོག”ཅེས་གསུངས།
ཀུང་ཅེ་ཡིས་དུས་ད་ལྟ་ཡང་སྐབས་དེ་དུས་སེམས་འགུལ་ཐེབས་པའི་ཚོར་བ་དེ་བརྗེད་དུ་མེད་པར“ཁོང་གིས་སྒོར་ཁྲི་30བཏང་གནང་བས་ལོ་བརྒྱ་ཡི་ལོ་རྒྱུས་ཡོད་པའི་སྐྲུན་དངོས་དེའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བཏང་ཡོད”ཅེས་བརྗོད།
ཉམས་བཟོ་བྱས་རྗེས་ཀྱི་སྤར་ཁ་ཐོག་ཁང་ནི་ད་ཆ་རྒྱལ་ནང་གི་རོལ་ཆ་ཧྥེང་ཆེང་གི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གཅིག་པུ་དེ་ཡིན་པ་དང་ཕྱིས་སུ་ཀུའུ་ལང་ཡུས་གླིང་ཕྲན་མངོན་མིན་རིག་གནས་ཤུལ་བཞག་ལ་འདུན་ཞུ་བྱེད་པའི་ཁྱད་ཆོས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།
རྫས་མདེལ་གྱི་ཉེན་ཁའི་ཁྲོད་ནས“ལྷོ་ཕྱོགས་ཀྱི་ཀྲོའུ་ཁོའུ་ཏན”ཞེས་སུ་གྲགས་པའི་སན་མིང་གྲོང་ཁྱེར་དབན་ཧྲོའུ་བྲག་རིའི་རྗེས་ཤུལ་མྱུར་སྐྱོབ་གནང་བ་དང་། “འཛམ་གླིང་རིམ་པའི་ནོར་བུ”ཡིན་པའི་ཤིས་ཨན་གྱི་མཁར་གྲོང་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ། ཆོན་ཀྲོའུ་ཡི“ཀྲུང་གོའི་གྲུ་ཤན་གྱི་ཞིང་ཁམས”ཀྱི་འགྲེམས་སྟོན་ཁང་འཛུགས་པར་རྒྱབ་སྐྱོར་གནང་བ་སོགས་ཞི་ཅིན་ཕིང་གིས་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་གནང་ཞིང་། ཁོང་གིས“ང་ཚོས་བདག་སྐྱོང་ཡག་པོ་མ་བྱས་ན་རྗེས་རབས་པ་རྣམས་ལ་ངོ་གནོངས་ཀྱི་རེད”ཅེས་གསུངས་ཀྱི་ཡོད།
2004ལོར་ཀྲེ་ཅང་གིས་གཉེར་འགན་འཁུར་བའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་ཐོག་སྣང་ཚུལ་འདི་འདྲ་ཞིག་གིས་སྐྱེ་བོ་ཀུན་ལ་སེམས་འགུལ་རབ་ཏུ་ཐེབས།
དབུ་སྐྲ་དུང་ལྟར་དཀར་བའི་རྒད་པོ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ཁྲིད་དེ་སྡིངས་ཆའི་ཐོག་ཏུ་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཁར་རྔ་བརྡུངས།
“མི་དམངས་ཀྱི་དུས་ཆེན”གཉེར་བའི་དམིགས་ཡུལ་མཚོན་པར་བྱེད་ཆེད། སྐབས་དེ་དུས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མས་དམིགས་བསལ་ཆེ་བའི་འགོ་འཛུགས་ཀྱི་ཇུས་འགོད་དེ་གཏན་འཁེལ་གནང་བ་རེད།
རིག་རྩལ་གྱིས་སུ་ལ་ཞབས་འདེགས་ཞུ་དགོས་སམ།
ལུའུ་ཡའོ་དང་ཅ་ཏ་ཧྲན་སོགས་རྩོམ་པ་པོ་གྲོགས་པོར་བརྩིས་གནང་བ་དང་། ལོ་ན་བགྲེས་པོ་ཆགས་ཀྱང་ཏང་ལ་ཞུགས་པའི་གློག་བརྙན་འཁྲབ་སྟོན་གྱི་སྒྱུ་རྩལ་མཁས་ཅན་ཉིའུ་པེན་ལ“སྒྱུ་རྩལ་དང་མི་ཡག་པོ་བྱེད་པའི་ཐད་མུ་མཐུད་མིག་དཔེ་འདོན་དགོས་པའི”སྐུལ་ལྕག་གནང་བ། ཨུ་ལན་མུའུ་ཆི་རིག་རྩལ་རྟ་ཐོག་རུ་མིར་ནམ་ཡང་རྩྭ་ཐང་གི“གསར་བརྗེའི་རིག་རྩལ་རྟ་དམག”བྱེད་དགོས་པའི་ལྕག་སྐུལ་གནང་བ་སོགས་གྲངས་ལས་འདས།
2014ལོའི་ཟླ་10པར་འཚོགས་པའི་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོམ་པ་པོ་ཝང་ཡོན་ཅན་གྱིས་ལིའུ་ཆིང་གྲོང་གསེབ་ཏུ་དངོས་སྡོད་ཞིབ་འཇུག་ལོ་14བྱས་ཏེ《ལས་གཏོད་ལོ་རྒྱུས》གསར་རྩོམ་བྱས་པའི་གཏམ་རྒྱུད་གླེང་བར་དྲན་གསོ་གནང་སྐབས་ཚོར་བ་ཟབ་མོས“རིག་རྩལ་ལ་གསར་རྩོམ་བྱེད་ཐབས་ཧ་ཅང་མང་པོ་ཡོད་ཀྱང་། ཆེས་རྩ་བ་དང་། ཆེས་འགག་རྩ། བློས་འཁེལ་ཤོས་བཅས་ཀྱི་ཐབས་ཤེས་ནི་མི་དམངས་དང་འཚོ་བར་གཞི་ཚུགས་པ་དེ་རེད”ཅེས་གསུངས།
རིག་གནས་ལ་བརྟེན་ནས་སྤྱོད་བཟང་དང་ཀུན་སྤྱོད་བསྐྱངས་པ།
2021ལོའི་ཟླ་6པའི་ཉིན་ཞིག་ལ་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། གྱང་ལྡེབས་སུ་ཚོན་མདོག་རྣམ་པར་བཀྲ་བའི་བོད་རུམ་སྣ་ཚོགས་བཀལ་ཡོད།
“དངོས་གནས་ལྟ་བས་མི་ངོམས་པ”ཞིག་རེད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲོ་སྣང་ཆེན་པོས་ཉེ་སར་བཅར་ནས་གཟིགས་པ་དང་ཕྱག་གིས་བོད་རུམ་གྱི་སྤུས་ཀ་ཡག་ཉེས་ཅི་འདྲ་ཡོད་མེད་ཡང་ཡང་གཟིགས།
ཅ་ཡ་བོད་རུམ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དབྱང་ཡུང་ལེའང་གིས་ཉེ་འགྲམ་གྱི་དགེ་ཕྲུག་ལ་དམར་ཁྲིད་བྱེད་བཞིན་ཡོད་པ་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཕེབས་མཚམས་བཞག་སྟེ“ལག་རྩལ་འདི་མི་རབས་མང་པོར་རྒྱུན་འཛིན་བྱས་པ་ཞིག་རེད་དམ། ད་ལྟ་མི་རབས་ག་ཚོད་དུ་སླེབས་ཡོད”ཅེས་གསུངས།
“ང་མི་རབས་བདུན་པ་ཡིན། ལོ་8ནས་པ་ཕ་དང་མཉམ་དུ་བལ་འཁྲུད་སྟངས་དང་སྐུད་པ་འཁེལ་སྟངས་སྦྱངས་པ་ཡིན”ཞེས་ལན་བཏབ།
“ལག་རྩལ་དེ་ཧ་ཅང་རྩ་ཆེན་ཞིག་རེད། དོན་སྙིང་ཆེན་པོ་ལྡན་པས་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས”ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རུམ་ཐོན་ལས་ལ་དབུལ་སྐྱོར་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡོད་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ནུས་པའང་ཡོད་ཅེས་ཐུགས་བཟང་ཚིག་ནན་གྱིས་གསུངས།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས” 2021ལོའི་ཟླ་9པར་ཧྲའན་ཤིས་སུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སུའེ་ཏེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་དུ་ཕེབས་སྐབས་སྒོ་རའི་ནང་ཧྲའན་ཤིས་བྱང་རྒྱུད་ཀྱི་ཞབས་བྲོ་འཁྲུག་པོ་ཞིག་འཁྲབ་བཞིན་ཡོད།
“ཡག་པོ་འཁྲབ་ཀྱི་འདུག ཁྱེད་ཚོ་ཚང་མ་ཆེད་དུ་སྦྱོང་མཁན་རྐྱང་རྐྱང་ཡིན་ནམ”ཞེས་གསུངས།
ཚང་མས“རྒྱུན་འཛིན་བྱེད་མཁན་ཡོད་ལ་སྦྱོང་མཁན་ཡང་ཡོད”“ཇི་ཙམ་འཁྲབ་ན་དེ་ཙམ་གྱིས་འཁྲུག་ཆ་དོད་པ་དང་། ཇི་ཙམ་འཁྲབ་ན་དེ་ཙམ་གྱིས་ངར་ཤུགས་འཕེལ་བ། ཇི་ཙམ་འཁྲབ་ན་དེ་ཙམ་གྱིས་གཞོན་བཟོ་དོད་དུ་འགྲོ་ཡི་འདུག”ཅེས་ལན་བཏབ།
“ཡག་པོ་འདུག དམངས་ཁྲོད་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས་མེས་པོས་བཞག་པའི་ནོར་བུ་དེ་དག་ལ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས”ཞེས་གསུངས།
ནམ་ཡང་ཡིད་ལ་བཅངས་པས་གཏམ་སྤྱོད་རེ་རེ་ལས་བརྩེ་བ་ཟབ་མོ་མངོན་ཞིང་། པེ་ཅིང་སྲང་ལམ་གྱི་མང་ཚོགས་དང་མཉམ་དུ་ཅའོ་ཙི་བཟོས་ནས་སྲོལ་རྒྱུན་གྱི་དུས་ཆེན་ལ་རོལ་བ་དང་། ཀུའེ་ཀྲོའུ་ཡི་གྲོང་སྡེ་རུ་མེའོ་རིགས་ཀྱི་འཚེམ་དྲུབ་རྒྱུན་འཛིན་པར“མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་རིག་གནས་ཡིན”ཞེས་བསྔགས་བརྗོད་གནང་བ། ཝུའུ་ཀྲི་ཧྲན་རི་བོའི་འདབས་ཀྱི་ལི་རིགས་གྲོང་སྡེར་ལི་རིགས་ཀྱི་གོས་ཆེན་དང་སྦ་ཆས་བསླས་བཟོ་ལ་གཟིགས་ནས་ཚང་མ་དང་མཉམ་དུ་མཛེས་སྡུག་ལྡན་པའི་མདུན་ལམ་གླེང་གནང་བ་སོགས་གྲངས་ཀྱིས་མི་ལངས།
མི་རིགས་རིག་གནས་ཀྱི་ཐོན་ཁུངས་བསྐྱར་སྐྲུན་བྱས་ཏེ། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་གི་ཤུལ་བཞག དཔེ་རྙིང་གི་ཡི་གེ་བཅས་ལ་གསོན་ཤུགས་རྒྱས་པར་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅིའི་གཟིགས་རྒྱང་རིང་པོ་དང་ཐུགས་དགོངས་ཟབ་མོ་མཚོན་ཡོད།
ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་འཛིན་བྱས་པའི་རིག་གནས་ཀྱི་སྙིང་བཅུད་དང་དུ་ལེན་བཞིན་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་བརྗིད་ཆེའི་མདུན་ལམ་ལ་རྒྱང་ལྟ་བྱེད་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་རང་ཉིད་ཀྱི་ལམ་བུར་བསྐྱོད་ཚེ། འགྲན་ཟླ་བྲལ་བའི་དུས་རབས་ཀྱི་གར་སྟེགས་རྒྱ་ཆེན་པོ་དང་འགྲན་ཟླ་བྲལ་བའི་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ། འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ཆེན་པོའང་ལྡན་པ་སྨོས་མེད་རེད།