འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་སྐབས་གཉིས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་གཙོ་སྐྱོང་སྐོང་འཚོགས་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷོ་ཁར་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན། རང་སྐྱོང་ལྗོངས་དང་གྲོང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་ལྷོ་ཁ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཡིན་པའི་བསམ་བློ་བཙུགས་ནས་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་ (པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད) གཏོང་བའི་འགག་རྩའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གློད་སྡོམ་ཞབས་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཏེ་སྲིད་དོན་བཀོལ་སྤྱོད་མ་ལག་ལེགས་བསྡུས་ཞིབ་གཉེར་འཛུགས་སྐྲུན་དང་། ཕན་ཚུན་འབྲེལ་མཐུད། མཐུན་སྦྱོར་མཉམ་འགུལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་མན་གྱི་ནོར་སྲིད་སྒྲིག་སྲོལ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་རྫོང་ངམ་ཆུས་ཀྱི་ནོར་སྲིད་འབྲེལ་བ་སྔར་བས་མཐུན་སྦྱོར་ཡོང་བ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རང་སྐྱོང་ལྗོངས་ཀྱི་བྱེད་སྟངས་དང་ཞིབ་བསྡུར་བྱས་ཏེ་རྫོང་ངམ་ཆུས་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་བཟོ་བ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་ཁམས་ཤེས་དཔལ་གྱི་གདེང་འཇོག་དམིགས་ཚད་ཀྱི་གལ་ཆེའི་རང་བཞིན་དང་སྐར་གྲངས་དཔྱད་བསྡུར་བྱ་ཐབས་བཟོ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་བརྩིས་ནས་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། ཆ་འཕྲིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་སོ་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་མ་རྩའི་གསོན་ཤུགས་འཕེལ་བ་བྱེད་པ་དང་། མ་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བཅས་བྱེད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ངེད་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱར་སློབ་སྦྱོང་ནན་ཏན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་དམངས་འཚོ་ལེགས་གཏོང་དང་། གྲོང་གསེབ་དར་རྒྱས། སྡོད་མལ་ཁོར་ཡུག་བཅོས་སྒྲིག འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཀྱི་སྐྱེ་ལྡན་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད། འབྲུ་རིགས་བདེ་འཇགས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཆུང་གྲས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུས་གྲོང་ཁྱེར་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྙན་ཞུ་ཉན་པ་དང་། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཚེ་རིང་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། མ་འཇོག་མང་དུ་བཏང་ནས་མཉམ་འགུལ་རེ་ཞུ་དང་། མཉམ་འགུལ་ཞིབ་མཆན་འགོད་པ། མཉམ་འགུལ་སྙན་ཞུ། མཉམ་འགུལ་བརྩོན་ལེན་བཅས་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་སྤྱི་འདོམས་དང་། ཕན་འབྲས་ཆེ་ལ་མཐུན་སྦྱོར་ཡིན་པ། གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་ཞུགས་འབབ་འཕར་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་འགན་ལེན་གྱིས་ལོ་སྟོད་དུ་གཏན་འཁེལ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལྷག་པར་དུ་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་སྤུས་ཚད་དེ་བས་མཐོ་བའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ལས་སྟོབས་ཆེར་བཏང་ནས་ཐོན་ལས་གཉིས་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ངོ་བོའི་རང་བཞིན་གྱི་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་བཟོ་ལས་ཁེ་ལས་ཀྱི་འཕར་ཚད་སྟོབས་ཆེར་གཏོང་བ་དང་ལྷོ་ཁའི་ཐོན་ལས་གཉིས་པའི་ལེགས་ཆ་མགྱོགས་མྱུར་བསྐྱར་སྐྲུན་བྱེད་དགོས། ཁྲོམ་རའི་འགན་ལེན་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་རོགས་བྱེད་པ་དང་། སྲིད་ཇུས་ཐར་ཐོར་བསྡུ་སྒྲིལ་བྱས་ནས་འཛད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་ཡར་སྐུལ་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་ལྡོག་ཕྱོགས་ཀྱི་རྩིས་ཐོ་བཟོས་ནས་བཟང་འགུག་བཅུད་འདྲེན་ལ་སྐུལ་འདེད་གཏོང་དགོས །བདེ་འཇགས་འགན་ལེན་བྱས་ནས་ཁྲིམས་ལྟར་དང་། གནད་འཁེལ། ཚན་རིག་དང་མཐུན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ། འབྲུབ་འགོག་ཐན་འགོག་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས། སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཚོགས་འདུས་དེ་མིན་གྱི་དོན་དག་ལ་ཞིབ་འཇུག་བྱས་པ་རེད།
ཡེ་ཤེས་བཟང་མོས་བསྒྱུར།