འཕྱིང་བ་སྟག་རྩེའི་རི་གཤམ་དུ། བཙན་པོའི་འཕྲིན་ལས་རྐོས་པའི་རྡོ་རིང་འགྲམ་ནས། གཡུ་རལ་མཁའ་ལ་ངོམས་ཀྱིན། གནམ་ས་འགུལ་འདྲའི་རྔ་ཡི་སྒྲ་དང་བསྟུན། འཁྲབ་ཆས་སྒབ་སྣེ་གཡས་འཁྱིལ་གཡོན་འཁྱིལ་གཡོ་བའི་སྟངས་སྟབས་སོགས་ངོ་མཚར་ལྟད་མོ་མིག་གི་གསོས་སུ་གྱུར། འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་རྒྱུན་འཛིན་ལོ་རྒྱུས་བགྲང་བྱ་སྟོང་དང་ལྡན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། འཇུ་བྲོ་ལགས་སོ།
བྲོ་དེར་ལོ་རྒྱུས་སྟོང་དང་ལྡན། མི་རབས་བརྒྱུད་ནས་དར་སྤེལ་མཛད། ཉམས་མེད་གོང་ནས་གོང་དུ་འཕེལ། འཇུ་བྲོ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཉམས་མེད་འོད་སྟོང་འཕྲོ་བའི་ནོར་བུ་བཞིན། མཚར་སྡུག་སྔར་ལས་རྒྱས་པར་དར་རྒྱས་བཏང་ཡོད། དུས་རབས་གསར་པར་སྐྱོད་དེ། རིག་གནས་འཛུགས་སྐྱོང་གི་བྱེད་ནུས་ལས་འཇུ་བྲོ་ལ་གསོན་ཤུགས་གསར་པ་སྦྱིན་པས། སྲོལ་རྒྱུན་གྱི་སྒྱུ་རྩལ་རྣམ་པ་འདིའི་སྙན་པའི་གྲགས་པ་ཆེས་ཆེར་རྒྱས།
ལོ་རྒྱུས་འབྱུང་རྩ་སྟེ། འདི་ནི་མི་སེམས་ལ་ལྕག་སྐུལ་ཐེབས་པའི་སྟོང་ལོ་བརྒྱུད་པའི་སྒྱུ་རྩལ་ཞིག་ཡིན་པ།
འཇུ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཁོངས་སུ་གཏོགས་པའི་གྲོང་ཚོ་དཀྱུས་མ་ཞིག་གི་མིང་ཡིན་ཞིང་། གནའ་དུས་སུ། དེའི་ཁུལ་ནི་འཇུའི་གྲོག་རོང་ལ་འབོད་པ་དང་། སྙན་གྲགས་འཕེལ་བའི་འཇུ་བྲོ་ནི་གནས་དེ་ནས་དར་ནས་རྒྱུན་འཛིན་བྱུང་བ་ཞིག་རེད།
བོད་མི་རིགས་ཀྱི་རིག་གནས་ཁྲོད། བྲོ་ཡི་མིང་གཞན་ལ་སྐོར་བྲོའང་འབོད་ཀྱི་ཡོད་ཅིང་། འཁྲབ་དུས་མི་ཚང་མས་སྐེད་པར་ཚོན་མདོག་སྣ་ལྔའི་རྔ་བཏགས་ནས་རྔ་རྒྱུག་བྱ་སྒྲོ་དཀར་པོ་ཅན་གྱིས་བརྡུང་གི་ཡོད་པས། རྐེད་རྔ་ལྟ་བུར་གྲུབ་ཡོད།
འཇུ་གྲོང་ཚོའི་སྒྱུ་རྩལ་པ་རྒན་གྲས་བློ་བཟང་གིས་ངོ་སྤྲོད་གནང་དོན། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ། བོད་ཀྱི་དགོན་སྡེ་དང་པོ་བསམ་ས་དགོན་པ་ཨར་སྐྲུན་ཚར་རྗེས། ཡར་ཀླུང་གཙང་པོའི་ངོགས་གཉིས་དང་ཡར་ཀླུང་རོང་སའི་བྲོ་འཁྲབ་མཁན་ཚོས་ས་སྲོས་མཚམས་སུ་མེ་ཕུང་སྤར་ནས་རྔ་བརྡུང་བྲོ་འཁྲབ་ནས་དགྲ་གེགས་སེལ་ཐབས་བྱས། དེ་ནས་བཟུང་། འཇུ་བྲོ་འཁྲབ་ནས་ལོ་བཅུ་ལྷག་སོང་རྗེས། ལྷོ་ཁའི་ཁུལ་དུ་གྲགས་པ་ཆེས་ཆེར་འཕེལ་བའི་དགྲ་གེགས་སེལ་བ་དང་བཀྲ་ཤིས་གཡང་འགུགས་ཀྱི་ཆེད་སྤྱོད་ཞབས་བྲོ་ཞིག་ཏུ་གྱུར་བ་མ་ཟད་དམངས་ཁྲོད་དུ་དར་ཞིང་ཁྱབ། འདི་ནི་འཇུ་བྲོའི་འབྱུང་ཁུངས་ཀྱི་ཤོད་རྒྱུན་གྲས་ཤིག་ཡིན་པ་རེད།
སྲོལ་རྒྱུན་གྱི་འཇུ་བྲོ་ཉམས་མཚར་བའི་གཏམ་རྒྱུད་ཀྱིས་སྤྲས་པ། ལོ་ངོ་1300ཡི་འཕོ་འགྱུར་ཁྲོད། འཇུ་བྲོ་ཡིས་ལྷ་རབས་ཀྱི་གཏམ་རྒྱུད་དོར་ཏེ། དམངས་སྲོལ་དུ་དར་ཁྱབ་ཆེ་བའི་ལོ་ལེགས་བསུ་བ་དང་། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་ཞབས་བྲོའི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད་ཅིང་། གསོན་ཉམས་ལྡན་པ་དང་བཅོས་ལྷད་མེད་པའི་དམངས་སྲོལ་རིག་གནས་ཀྱི་བརྡ་རྟགས་ལྟ་བུར་གྲུབ་པས། དུས་ཆེན་གལ་ཆེན་གཏོང་བའི་དུས་མཚམས་སུ་འཇུ་གྲོང་ཚོའི་གྲོང་མིས་བཀྲ་ཤིས་རྟེན་འབྲེལ་དང་མི་སེམས་ལ་སྐུལ་ལྕག་ཐུབ་ཕྱིར་སྲོལ་རྒྱུན་གྱི་ཆས་ལུགས་སྤྲས་ནས་བྲོ་འཁྲབ་སྲོལ་ཡོད།
བྲོ་དེ་འཁྲབ་དུས་ཉམས་མཚར་ཞིང་། སྤྱིའི་ཆར་བྲོ་པ་བཅུ་གྲངས་ཀྱི་འཁྲབ་དགོས་པ་དང་། ཚང་མས་འཁྲབ་ཆས་དང་སྟངས་སྟབས་གཅིག་གྱུར་ཐོག་རྔ་ལ་བསྟུན་གྱིན་གདངས་དབྱངས་སུ་གྱེར་ནས་འཁྲབ་དགོས། སྐབས་རེ་བྱ་རྒོད་གནམ་ལ་འཕུར་འདྲ་བའི་གཤོག་ཟུང་ལྟ་བུ་མཐོང་བ་དང་། སྐབས་རེ་རྔ་སྒྲས་གནམ་ས་འགུལ་འདྲའི་རྔམ་བརྗིད་དང་ལྡན། སྐབས་རེ་ལྕང་ལོ་མཁའ་ལ་གཏད་ནས་གཡས་སྐོར་གཡོན་སྐོར་ལ་ལྡིང་། འཇུ་བྲོ་ལ་གཟིགས་ཚེ། བརྗིད་ཆགས་པ་དང་སྒེག་ཉམས་ཆེ་བའི་སྒྱུ་རྩལ་གྱི་ཆེ་བ་ཆེས་ཆེར་ལྡན་པ་མྱོང་ཚོར་ཐུབ།
2014ལོར། འཇུ་བྲོ་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད། ཉེ་བའི་ལོ་ཤས་ནང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་རིག་གནས་སྡེ་ཚན་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཉི་མ་དབང་ཕྱུག་གིས་མཚོན་པའི་རྒྱུན་འཛིན་པ་མང་དག་ཅིག་གི་འབད་འབུངས་འོག འཇུ་བྲོའི་སྒྱུ་རྩལ་དེ་ཉིད་དར་སྤེལ་ཆེན་པོ་བྱུང་ནས་བཀྲག་མདངས་གསར་པ་འཕྲོས།
རྒྱུན་འཛིན་མི་སྣ་སྟེ། ཉི་མ་དབང་ཕྱུག་གི་བརྩོན་འབད་དང་དམ་བཅའ་བརྟན་སྲུང་།
2021ལོའི་ཟླ་6པའི་ཚེས་25ཉིན། ལྷོ་ཁའི་མེ་འཁོར་འབབ་ཚུགས་སུ། དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་གིས་སླར་ཡང་ཚོན་མདོག་སྣ་ལྔས་རྒྱན་པའི་འཇུ་བྲོའི་འཁྲབ་ཆས་བཞེས་ཞིང་། ཕྱག་གཡས་པས་སྐེད་པར་གཟེར་བའི་རྔ་དེ་བརྡུང་གིན། བཅིངས་པའི་ལྕང་ལོ་དཀར་པོ་མཁའ་དབྱིངས་སུ་སྐོར་ནས་འཇུ་བྲོ་ཉམས་དགའ་བ་དེ་འཁྲབ་འགོ་ཚུགས། འདི་ནི་འཇུ་བྲོའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣ་ཉི་མ་དབང་ཕྱུག་ལགས་རེད།
མ་གཞི་དགུང་ལོ་80ལ་གསོན་ཀྱང་། ཉི་མ་དབང་ཕྱུག་ལགས་ཀྱིས་སྔར་མུས་བཞིན་དགེ་ཕྲུག་ཚོའི་སྣེ་ཁྲིད་ནས་འཇུ་བྲོ་འཁྲབ་པའི་རྣམ་པའི་ཐོག་ནས་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པར་བཀྲ་ཤིས་རྟེན་འབྲེལ་ཞུས། འཇུ་བྲོའི་འཁྲབ་ཆས་དེ་བཞེས་རིམ་བཞིན། བཞིན་རས་ལོ་ཟླའི་གཉེར་མས་བཀབ་པའི་བགྲེས་སོང་ཁོང་ལམ་སེང་གསོན་ཤུགས་ལྷག་པར་རྒྱས་པར་གྱུར་གྱི་ཡོད།
ཉི་མ་དབང་ཕྱུག་ནི་ཞིང་བྲན་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། བོད་ལ་དམངས་གཙོ་བཅོས་སྒྱུར་མ་བཏང་གོང་། སྐུ་བྲག་ཁྱིམ་ལ་སྒོ་ཕྱུགས་འཚོ་རོགས་དང་ས་ཞིང་ལ་གཡོག་བྱེད། དེ་བཞིན་བྲོ་འཁྲབ་ནས་སློང་མོར་རྒྱུག་པ་བཅས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད།
ཁོང་གིས་གསུངས་དོན། རང་ཉིད་ཆུང་དུས་སུ་པཱ་ལགས་ཀྱི་རྗེས་སུ་འབྲངས་ནས་བྲོ་འཁྲབ་སྟངས་སྦྱངས་ནས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད། བྲོ་འཁྲབ་ནས་ད་བར་ལོ་60ལྷག་ཕྱིན་སོང་། སྤྱི་ཚོགས་རྙིང་པའི་དུས་ཆེན་སྐབས་སུ། ཉི་མ་དབང་ཕྱུག་གིས་གྲོང་ཚོ་ཁག་ཏུ་འཇུ་བྲོ་འཁྲབ་པར་སྐྱོད་ཀྱི་ཡོད། སྐབས་འགར་བྲོ་བསྟུད་མར་ཉིན་བདུན་བརྒྱད་འཁྲབ་དགོས་པ་དང་། ཐ་ན་རི་སྟེང་དུ་ཆགས་པའི་དགོན་པའི་ནང་འཇུ་བྲོ་འཁྲབ་ཚར་རྗེས་ཡང་རོང་སར་ཆགས་པའི་གྲོང་ཚོའི་ནང་འཁྲབ་དགོས། ཡར་འགྲོ་མར་འགྲོ་སྤྱི་ལེ་ཁ་ཤས་བྱེད་དགོས་པས། དཀའ་ལས་ཁག་དྲགས་ནས་གཟུགས་གཞིར་དྲན་ཚོར་མེད་པར་གྱུར་འགྲོ་གི་ཡོད།
དམངས་གཙོ་བཅོས་སྒྱུར་བཏང་རྗེས། ཉི་མ་དབང་ཕྱུག་གིས་རྒྱ་ཚྭ་རྫོང་དུ་འཚོ་བ་སྐྱེལ་མྱོང་། 1992ལོར། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་རིག་གནས་དུས་ཆེན་ཐོག་མ་དེ་སྟ་གོན་བྱེད་དུས། འཇུ་བྲོ་དེ་འཁྲབ་སྟོན་གྱི་ནང་དོན་གཙོ་གྲས་སུ་བཞག་པ་རེད། ཉི་མ་དབང་ཕྱུག་གི་འཇུ་བྲོ་འཁྲབ་མཁས་པ་དེ་དུས་གཞི་ནས་ཤེས་རྟོགས་བྱུང་བ་རེད། ཁོང་གིས་གསུངས་དོན། སྐབས་དེ་དུས་འཕྱོངས་རྒྱས་རྫོང་གི་རིག་རྩལ་སྡེ་ཚན་གྱིས་མི་མངགས་ནས་རྒྱ་ཚྭ་རྫོང་དུ་ང་འཚོལ་བར་སླེབས་བྱུང་། ད་དུང་ང་རང་འཕྱོངས་རྒྱས་སུ་ལོག་ནས་ན་གཞོན་ཚོར་བྲོ་བསླབ་དགོས་ཞེས་ཟེར་གྱི་འདུག དུས་དེ་ནས་བཟུང་། ཉི་མ་དབང་ཕྱུག་གིས་སླར་ཡང་འཇུ་བྲོའི་འཁྲབ་སྟོན་དང་། སློབ་འཁྲིད། རྒྱུན་འཛིན་བཅས་ཀྱི་ལམ་དུ་ཞུགས།
སྐབས་དེ་དུས། ཉི་མ་དབང་ཕྱུག་གིས་བྲོ་འཁྲབ་མཁན་མི་གྲངས་80ལས་གྲུབ་པའི་འཁྲབ་སྟོན་རུ་ཁག་ཆེ་གྲས་ཀྱི་སྣེ་ཁྲིད་ནས་གར་སྟེགས་ཐོག་འཆར་བས། ཡར་ཀྲུང་རིག་གནས་དུས་ཆེན་གྱི་བཀྲག་འཚེར་ས་ཞིག་ཏུ་ཆགས། འཇུ་བྲོ་དེ་ཉིད་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་དུ་སྐྱོད་པ་དང་། དམངས་ཁྲོད་ནས་གར་སྟེགས་ཆེ་གྲས་སུ་སྐྱོད་འགོ་ཚུགས། ཉི་མ་དབང་ཕྱུག་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་བརྗོད་དོན། སྤྱི་ཡོངས་སུ་འཁྲབ་སྟོན་བྱས་པའི་དུས་དེ་ནས་བཟུང་། འཇུ་བྲོ་དེ་དངོས་སུ་གསོན་ཤུགས་རྒྱས་འགོ་ཚུགས།
དེའི་རྗེས་སུ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་སྲོལ་རིག་གནས་བྱ་གཞག་ལ་རོགས་སྐྱོར་ལས་ཕན་འབྲས་འདོན་སྤེལ་བྱུང་བ་དང་བསྟུན། ཉི་མ་དབང་ཕྱུག་ལའང་དགེ་ཕྲུག་ཉིན་རེ་ལས་མི་འདས་པར་ཇེ་མང་དུ་སོང་ཞིང་། སྔར་བས་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཁྲབ་སྟོན་ཚོགས་པ་ཞིག་ཏུ་གྱུར་བ་དང་། འཇུ་བྲོ་དེ་ཉིད་ལྗོངས་ཕྱི་ནང་གི་བརྙན་འཕྲིན་མཚན་ཚོགས་དང་། རིག་རྩལ་སྣེ་འཛོམས་འཁྲབ་སྟོན། ཞབས་བྲོའི་འགྲན་བསྡུར་སོགས་གར་སྟེགས་ཐོག་སྤྱི་བསྒྲགས་རང་བཞིན་གྱི་འཁྲབ་སྟོན་བྱས། འཕྱོངས་རྒྱས་ཀྱི་འཇུ་བྲོའི་སྙན་པའི་གྲགས་པའང་ཆེས་ཆེར་འཕེལ་ནས་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཆེར་ཐོབ་རྐྱེན། འཇུ་གྲོང་ཚོར་ ད་དུང་བྲོ་སྦྱོང་བརྡར་ཁང་ཞིག་བཙུགས། ཆེད་དོན་འགྲོ་གྲོན་ཡོད་པས། ཉི་མ་དབང་ཕྱུག་ཁོང་ཡང་2018ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མི་སྣར་གྱུར།
དུས་ཀྱི་ཕོ་ཉས་ཐོག་མའི་བསམ་འདུན་མི་འགྱུར། གར་སྟེགས་ཐོག་ཏུ་རྩལ་ལག་ཡོད་རྒུ་སྤྲུགས། བགྲེས་སོང་ཉི་མ་དབང་ཕྱུག་གིས་རང་ཉིད་ནས་འཇུ་བྲོ་འཁྲབ་ཐེངས་ཇི་ཙམ་བྱས་པ་སེམས་ལ་གསལ་པོ་མ་ངེས་ཀྱང་། འཇུ་བྲོའི་རྒྱུན་འཛིན་བྱ་གཞག་ཆེད་ཁོང་གིས་མི་ཚེ་གང་བུའི་བརྩེ་བ་ཡོད་ཕུལ་ནས་དེ་ཉིད་སྦྱོང་སྤྱོད་སྤེལ་གསུམ་ལ་སྐུལ་སྤེལ་གཏོང་བཞིན་མཆིས།
སྲོལ་རྒྱུན་ལ་གསོན་ཤུགས་གསར་པ་སྦྱིན་པ་སྟེ། དུས་རབས་གསར་པའི་འཕོ་འགྱུར་སྔར་བས་མཚར།
2009ལོར། འཇུ་བྲོ་དེར། ཀྲུང་གོའི་མི་རིགས་དམངས་སྲོལ་གྱི་སྲོལ་རྒྱུན་གླུ་གར་འགྲེམས་སྟོན་ཞེས་པའི་བྱེད་སྒོའི་ནང་མི་རིགས་དམངས་སྲོལ་ཞབས་བྲོའི་རིགས་ཀྱི་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།
2011ལོར། འཇུ་བྲོའི་འཁྲབ་སྟོན་ལེ་ཚན་བཀྲ་ཤིས་པའི་རྔ་སྒྲ་ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་ཀྱི་གར་སྟེགས་ཐོག་འཁྲབ།
2015ལོར། འཇུ་བྲོའི་འཁྲབ་སྟོན་ལེ་ཚན་གནའ་གྲོང་གི་འབྲུག་སྐད་དང་པོ་ཞེས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུ་རྩལ་འགྲན་ཚོགས་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་པ་མ་ཟད། འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ།
2018ལོར། འཇུ་བྲོའི་འཁྲབ་སྟོན་ལེ་ཚན་ལྷོ་ཁའི་བྲོ་ཞེས་པ་ཀོང་ཀྲའུ་རུ་གཉེར་བའི་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་ལས་རིགས་ཀྱི་བྱ་དགའ་མཐོ་ཤོས་ཏེ། རི་སྐྱེས་མེ་ཏོག་ལ་འབོད་པའི་སྐབས་བཅུ་གསུམ་པའི་བྱ་དགའ་སྤྲོད་པའི་མཚན་ཚོགས་ཐོག་ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ་ཐོབ།
2020ལོར། མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་སྐྱོད་ཅེས་པའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་ཞིང་། སློབ་གྲྭའི་ནང་བྲོ་འཁྲབ་སྟོན་རུ་ཁག་བཙུགས། ཉི་མ་དབང་ཕྱུག་གིས་གཞོན་སྐྱེས་འཁྲབ་སྟོན་པ་ལས་གྲུབ་པའི་བྲོ་འཁྲབ་སྟོན་རུ་ཁག་གི་སྣེ་ཁྲིད་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱ་བར་གཞོལ་བ་ལ་སོགས། འཇུ་བྲོའི་རྒྱུན་འཛིན་སྟོབས་ཤུགས་ཉིན་རེ་ལས་མི་འདས་པར་ཆེ་རུ་སོང་མོད། རྒྱུན་འཛིན་བྱེད་མཁན་མང་དག་ཡོད་པ་གོང་གསལ་ལས་ཤེས་རྟོགས་ཐུབ།
ཉེ་བའི་ལོ་ཤས་ནང་། མི་རིགས་བསྐྱར་དར་གྱི་གོམ་སྟབས་སྤོབས་པ་ཆེན་པོས་སྤོ་བ་དང་བསྟུན། རིག་གནས་གདེང་ཚོད་བརྟན་པོ་ལས་རིག་གནས་དར་སྤེལ་གྱི་མེ་ཏོག་མཉམ་དུ་བཞད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་གིས་མཚོན་པའི་རིག་གནས་བྱ་གཞག་ཀྱང་དར་ཞིང་རྒྱས། འཇུ་བྲོ་དེ་ཉིད་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་པའི་ངོས་ནས་ཕྱོགས་ཁག་གི་དོ་ཁུར་བྱ་ཡུལ་གྱུར་ནས། སྔ་རེས་སུ། ཤང་ཀང་དང་། ཐའེ་ཝན། སི་ཁྲོན། ཀོང་ཏུང་། ཀུའེ་ཀྲའུ་སོགས་སུ་འཁྲབ་སྟོན་བྱེད་སྒོར་ཞུགས་པས། ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཤུགས་མཐོར་འདེགས་ཟམ་མི་ཆད་པ་བྱུང་ཡོད།
ད་དུང་དེ་མིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་དེ་བཞིན་རིག་གནས་སྡེ་ཚན་གྱི་འབད་བརྩོན་ཧུར་ཐག་འོག སྲུང་སྐྱོབ་དང་རྒྱུན་འཛིན་བྱིས་དུས་ནས་དམ་འཛིན་བྱུང་བས། རྒྱུན་འཛིན་དཔུང་ཁག་རྒྱ་སྐྱེད་ཐུབ་ནས་རྒྱུན་འཛིན་པའི་གྲས་སུ། བྱིས་པ་དང་། དེང་རབས་ཀྱི་སློབ་ཆེན་སློབ་མ། རིམ་ཁག་རིག་རྩལ་འཁྲབ་སྟོན་རུ་ཁག དམའ་རིམ་སློབ་འབྲིང་གི་སློབ་མ་སོགས་མང་དག་མཆིས་པས། འཇུ་བྲོའི་གསོན་ཤུགས་འཛད་མཐའ་མེད་པར་རྒྱས་དང་རྒྱས་མུས་སུ་གནས།
འཇུ་བྲོའི་རྒྱུན་འཛིན་དཔུང་ཁག་སྲོལ་རྒྱུན་དར་སྤེལ་བཏང་བ་དང་དུས་མཚུངས། དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་རྒྱུན་བསྲིང་ལས་འཇུ་བྲོ་ལ་དུས་རབས་གསར་པའི་གྲུབ་ཆ་གསར་པ་སྦྱིན་ཡོད་པས། སྔ་རྗེས་སུ། བཀྲ་ཤིས་པའི་རྔ་སྒྲ་ཞེས་པ་དང་། ཡར་ཀླུང་གི་དཔྱིད་ཉམས་ཞེས་པ། གནའ་གྲོང་གི་འབྲུག་སྒྲ་དང་པོ་ཞེས་པ། ལྷོ་ཁའི་རྔ་བྲོ་ཞེས་པ་སོགས་ཕུལ་བྱུང་གི་འཁྲབ་སྟོན་བརྩམས་ཆོས་མང་དག་རྩོམ་ཡོད་པ་ལས། སྲོལ་རྒྱུན་གྱི་རིག་གནས་དེར་དུས་རབས་གསར་པར་བཀྲག་མདངས་ཤིན་ཏུ་འཚེར་རོ། །
འདི་ནི་འཇུ་བྲོ་འཁྲབ་སྟོན་གྱི་སྟངས་སྟབས་ཁྱད་པར་བ་ཞིག་སྟེ། གཡུ་རལ་ངོམས་པ།