འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། ངེད་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འབྲུ་རིགས་ཐོན་སྐྱེད་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱད་དེ་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།
སྟོན་བསྡུ་སྟོན་སློག་གི་ལས་དོན་ལ་དམ་འཛིན་བྱས་པ། སྟོན་བསྡུའི་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ཙམ་གྲ་སྒྲིག་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་ལག་འགུལ་བཅས་བྱས་ནས་མང་ཚོགས་སྒྲིག་འཛུགས་ཀྱིས་ཞིང་འཕྲུལ་ཡོ་ཆས་ཉམས་གསོའི་བདག་སྐྱོང་ལས་དོན་སྔ་ཙམ་ཡག་པོ་བསྒྲུབས་ཐོག་སྨིན་ཟིན་པའི་ལོ་ཏོག་ལ་མྱུར་བསྡུ་བྱས་པ། ས་བོན་ཞིང་ནང་དུ་སོན་བཟང་གསོ་སྤེལ་ལག་རྩལ་སྒྲིག་སྲོལ་གྱི་བླང་བྱ་ལྟར་ཁེར་བསྡུ་དང་། ཁེར་འདྲེན། ཁེར་གཉེར། ཁེར་གསོག་བཅས་བྱས་ནས་ཉོག་བསྲེས་བྱས་ཏེ་ས་བོན་གྱི་སྤུས་ཀར་འགན་ལེན་ཏན་ཏིག་བྱས་ཐོག་སང་ལོའི་སོན་ཞིང་དང་ཞིང་ས་ཆེན་པོར་སྤུས་ཚད་མཐོ་བའི་ས་བོན་འདོན་སྤྲོད་བྱས་ཡོད། ཟླ་10ཚེས་7ཉིན་བར། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་46.8སྟོན་བསྡུས་ཟིན་པ་དང་འཆར་གཞི་བྱས་ན་བརྒྱ་ཆ་99ལེགས་གྲུབ་ཟིན་ཡོད་པ་རེད། སྟོན་སློག་ལས་དོན་དེ་ཟླ་9ཚེས་15ཉིན་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཞིང་། མིག་སྔའི་བར་མུའུ་ཁྲི་15ལེགས་གྲུབ་ཟིན་པ་དང་སྤྱིའི་ལས་འགན་གྱི་བརྒྱ་ཆ་50ལེགས་སྒྲུབ་བྱས་ཡོད།
སྟོན་དགུན་གཉིས་ཀྱི་ལས་དོན་ལ་དམ་འཛིན་བྱས་པ། འདི་ལོའི་སྟོན་དུས་ཀྱི་འདེབས་འཛུགས་འཆར་གཞི་དེ་ཟླ་9ཚེས་10ཉིན་རྫོང(ཆུས)ཁག་ལ་གཤམ་སྤྲོད་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྟོན་དུས་འདེབས་ཁྱོན་མུའུ་ཁྲི་9.6ཙམ་ཟིན་རྒྱུ་ཡིན་པ་དེས་འབྲུ་རིགས་འདེབས་ཁྱོན་གྱི་བརྒྱ་ཆ་25ཙམ་ཟིན་རྒྱུ་ཡིན་པ་རེད། ཞིང་སྤྱོད་དངོས་རྫས་གྲབས་གསོག་གནད་ལ་འཁེལ་བ་དང་རྫས་ལུད་ཀྲོན་1500ཟིན་ཞིང་། རང་བཞག་ས་བོན་རྒྱ་མ་ཁྲི་280དང་། ཕྱི་ཕྱོགས་སུ་གྲོ་ཡི་ས་བོན་རྒྱ་མ་ཁྲི་24.71བཙོངས་ནས་སྔ་ཙམ་འཆར་གཞི་དང་སྔ་ཙམ་བཀོད་སྒྲིག་བྱས་ཏེ་རྒྱ་ཁྱོན་དང་། དངོས་ཟོག ལག་རྩལ། མི་སྣ་བཅས་ཁག་བཞི་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད། ལྷག་པར་དུ་སྟོན་འདེབས་སྐྱེ་དངོས་ཀྱི་སོན་བཟང་སྐྱེ་འཕེལ་དང་། ཐོན་འབབ་ཆེ་བ། ས་རྒྱུར་དཔགས་ནས་སྡེབ་སྦྱོར་ལུད་རྒྱག་བཅས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཞིང་སྤྱོད་དངོས་རྫས་གྲབས་གསོག་དང་གཏོང་འདྲེན་ཡག་པོ་བྱས་ནས་ཞིང་ལས་ཀྱི་དུས་ཚོད་མི་ཤོར་བ་བྱས་ཏེ་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད། ཟླ་10ཚེས་7ཉིན་བར། མུའུ་ཁྲི་1.3འདེབས་འཛུགས་ཟིན་པ་དང་ཟླ་10ཚེས་30ཉིན་ཁྱོན་ཡོངས་ནས་མཇུག་འགྲིལ་རྒྱུ་ཡིན་པ་རེད། ཡེ་ཤེས་བཟང་མོས་བསྒྱུར།