འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་10པའི་ཚེས་12ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་བསྐོང་འཚོགས་གནང་སྟེ། ཚོགས་འདུས། ལྕགས་ཕག་ལོའི་གསར་བརྗེ་སྤེལ་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་། སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་དང་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་བཅས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཞིང་པ་དང་ཞིང་གསུམ་འཐབ་སར་ལས་དོན་སྤེལ་མཁན་བློ་མཐུན་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་ཐུགས་བརྩེའི་འཚམས་འདྲིའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་198པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་བཅས་སྒོས། ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཕག་ལོའི་གསར་བརྗེ་སྤེལ་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ལྕགས་ཕག་ལོའི་གསར་བརྗེའི་ལོ་རྒྱུས་བྱས་རྗེས་དང་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གིས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་དང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་གནང་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་འདྲེན་ཕྱོགས་སྡོམ་དང་། ལྕགས་ཕག་ལོའི་གསར་བརྗེ་སྤེལ་ནས་ལོ་ངོ་110འཁོར་ཚུན་ཐོབ་པའི་ལོ་རྒྱུས་ཀྱི་བློ་སྒོ་གང་ཕྱེ་ལ་གསལ་འགྲེལ་གཏིང་ཟབ་བརྒྱབ་ཡོད། འདུ་ཤེས་བཞི་ཟབ་གཏོང་དང་། གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་སྒོས། སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཏེ། ལོ་རྒྱུས་ཁྲོད་ནས་འཚོ་བཅུད་དང་བློ་རིག་ལེན་ཐོག་རང་འགུལ་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དགོངས་དོན་སྟེང་བསམ་སྦྱོར་གཅིག་གྱུར་ཡོང་བ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མུ་མཐུད་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་རྟོགས་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་མཐོར་འདེགས་བྱེད་དགོས་པ་མ་ཟད། ཏང་གི་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་བཞིན་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོར་གཏོང་བརྒྱུད། སྔ་བར་ཕྱི་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་ནི་མི་རིགས་ཁག་གི་མང་ཚོགས་ཚོས་བློས་འགེལ་ཆོག་པའི་གཙོ་གཞི་ཞིག་ཏུ་འགྱུར་བའི་འགན་ལེན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས་དང་མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བསྐྱངས་ནས་མི་རིགས་ཁག་གི་ཐུན་མོང་འཕེལ་རྒྱས་དང་ཕྱུག་འགྱུར་ལ་སྐུལ་སྤེལ་གཏོང་དགོས། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རང་ཉིད་ཀྱི་དོན་དག་ཡག་པོ་སྒྲུབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཆེད་ཐུན་མོང་འབད་འཐབ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ལམ་ཁྲོད་ལེགས་སྐྱེས་ཅི་ཡོད་འབུལ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་བདག་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་ལག་བསྟར་དང་འཐབ་ཇུས་ཀྱི་ཚུགས་གནས་རྒྱུན་འཁྱོངས་སྒོས། མཐའ་མཚམས་ས་ཁུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་མཐའ་མཚམས་སྟོབས་ཆེར་སྐྲུན་པ་དང་མཐའ་སྲུང་མཐའ་འགོག་ལས་དོན་ལ་སྐུལ་སྤེལ་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་སྲུང་རག་ཨང་དང་པོ་འཛུགས་སྐྱོང་བརྟན་པོས་མཐའ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་དགོས། ལྷག་དོན་དུ་མཐའ་མཚམས་ས་ཁུལ་གྱི་ས་ཆ་མུག་ཟར་ངོ་རྒོལ་དང་། ཁ་བྲལ་ལ་ངོ་རྒོལ། སིམ་འཛུལ་ལ་ངོ་རྒོལ་བཅས་བྱེད་པའི་ཁྲོད། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་བཏང་ནས་འཐབ་ཕོད་པ་དང་ཞུམ་མེད་འཛིང་ཕོད་པའི་སྒོ་ནས་ས་ཆ་སྦར་མཐིལ་གང་ཡང་གཞན་ལག་ཏུ་མ་ཤོར་བ་བྱེད་དགོས། མི་དམངས་ལ་བརྟེན་ནས་མུ་མཐུད་ནས་འབད་འཐབ་ལྷོད་མེད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱུར་སྤེལ་སྒོས། དུས་ཚོད་ཀྱིས་མི་མ་སྒུག་པའི་ཛ་དྲག་འདུ་ཤེས་དང་གཟི་བརྗིད་ལས་འགན་འདུ་ཤེས་བཅངས་ཏེ། མ་སྒུག་པ་དང་ནར་འགྱངས་མེད་པའི་ཐོག་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། སྐྱེ་དངོས་ཀྱི་བདེ་འཇགས་ནི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་འཛད་མེད་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་བཅས་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་སུམ་ཅུ་སོ་གསུམ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་ནན་ཏན་དང་དེ་ལ་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་སྐྱེ་དངོས་བདེ་འཇགས་ཐད་ཆེད་དོན་ཞིབ་འཇུག་གནང་བའི་ཆབ་སྲིད་ཀྱི་བསམ་གཞིགས་ལ་ངོས་འཛིན་ཡག་པོས་ཉེན་ཟོན་གྱི་འདུ་ཤེས་དང་མ་མཐའི་མཚམས་ཐིག་ཀྱི་བསམ་གཞི་མཐོར་འདེགས་བྱེད་དགོས་པ་མ་ཟད། སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་བསྐྲུན་དགོས། སྣང་མེད་དང་ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ། འགྲོ་གྲོན་ལ་རྩིས་མི་རྒྱག་པར་མུ་མཐུད་ནས་རིམས་ནད་འགོག་ཟོན་རྒྱུན་རྣམ་ཅན་དུ་སྤེལ་རྒྱུའི་ལས་དོན་ཡག་པོ་སྒྲུབ་ནས་རིམས་ནད་འགོག་ཟོན་གྱི་བྱ་ཐབས་ཁག་ནན་བསྟར་བྱེད་དགོས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཟོན་དང་ཚོད་འཛིན་གྱི་ལམ་སྲོལ་ལམ་ལུགས་བཙུགས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོངས་པ་བྱེད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་གཞིར་བཟུང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཤེས་ལྡན་མི་སྣའི་ལས་དོན་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་ཕྱིར་འདྲེན་དང་། ཤེས་ལྡན་མི་སྣའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་རིགས་གཞུང་དང་ལག་ལེན་གནད་དོན་རབ་དང་རིམ་པར་གསལ་ལན་འདེབས་པ་བཅས་གནང་ཡོད་པ་མ་ཟད། མཛུབ་ཁྲིད་དགོངས་པ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་ཡོད་པས། ང་ཚོར་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། དེ་བཞིན་བྱ་ཐབས་གསར་པ་བཅས་རབ་དང་རིམ་པར་རྒྱུས་མངའ་ཏན་ཏིག་ཡོད་པ་བྱས་ཐོག་དོན་དངོས་དང་ཟུང་འབྲེལ་གྱིས་ད་ཡོད་ཀྱི་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་དང་། དགོས་ངེས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན། ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ནས་རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཤང་གྲོང་དར་རྒྱས། གྲོང་ཁྱེར་དོ་དམ། ཞིང་འབྲོག་ལས་འཕེལ་རྒྱས། ནགས་གླིང་འཆར་འགོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆེད་ལས་མི་སྣས་ཆེད་ལས་དོན་དག་སྒྲུབ་བཅུག་རྒྱུ་དང་འཇོན་ཐང་ཅན་གྱིས་བྱ་གཞག་གཏོད་བཅུག་དགོས། ཤེས་ལྡན་མི་སྣའི་འཕེལ་རྒྱས་ལམ་སྲོལ་ལམ་ལུགས་འཐུས་འཛུགས་བྱས་ནས་གསར་གཏོད་རང་བཞིན་གྱི་རིན་ཐང་དང་ནུས་པ། ལེགས་སྐྱེས་བཅས་ཁྲིད་ཕྱོགས་སུ་བྱས་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་གང་མགྱོགས་བསྐྲུན་ཏེ། འཇོན་ཐང་ཅན་ལ་འཇོན་ཐང་འདོན་སྤེལ་བྱ་ཡུལ་ཡོད་པ་བྱེད་དགོས།
ཚོགས་འདུས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་དང་ལྷག་དོན་ཞིང་འབྲེལ་ཚན་པས་དུས་ཐོག་ཏུ་ཞིང་པའི་དུས་ཆེན་རིང་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་སྨོན་འདུན་བཟང་པོ་དང་ཐུགས་བརྩེའི་འཚམས་འདྲི་དེ་གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཞིང་གསུམ་འཐབ་སར་ལས་དོན་སྤེལ་མཁན་གྱི་བློ་མཐུན་ཚོར་བརྒྱུད་བསྒྲགས་བྱས་ཏེ། ལས་བརྩོན་ལ་ལྕག་སྐུལ་དང་ཕུགས་བསམ་མངོན་འགྱུར་ལ་སྐུལ་མ་གཏོང་དགོས། ཤང་གྲོང་དར་རྒྱས་འདི་ཉིད་ཞིང་གསུམ་ལས་དོན་གྱི་གཙོ་གནད་ནང་གི་གཙོ་གནད་དུ་བཞག་སྟེ། ཤེས་ལྡན་མི་སྣ་དང་། མ་དངུལ། རྣམ་གྲངས། ཐོན་ལས་བཅས་རིམ་བཞིན་ཤང་གྲོང་དར་རྒྱས་གཏོང་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་ལམ་ལུགས་ཆེས་ནན་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་མཉམ་འཁུར་ལག་བསྟར་བྱེད་དགོས་པ་དང་། རྨོ་ཞིང་བཀོལ་ཕྱོགས་དོ་དམ་དང་བཟུང་གསབ་དོ་སྙོམས་ལ་ཤུགས་སྣོན་བརྒྱབ་ནས་ས་སྟོང་ཐོག་ཞིང་ལས་སྒྲིག་བཀོད་བསྐྲུན་ཕྱོགས་ལ་འཚོལ་ཞིབ་སྒོས། རྨོ་ཞིང་རང་དགར་བཟུང་སྤྱོད་བྱེད་རིགས་ཐག་གཅོད་ནན་པོ་བྱེད་དགོས། རྨོ་ཞིང་ཞིང་མིན་ཅན་དང་འབྲས་མིན་ཅན་དུ་གཏོང་བའི་རིགས་བཀག་སྡོམ་མཐའ་གཅིག་ཏུ་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་ལ་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཆེད་མིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་སྒོས། མང་ཚོགས་ཚོར་འབབ་འཕར་ཡོང་རྒྱུར་སྟེགས་བུ་བསྐྲུན་རོགས་དང་ཐབས་ལམ་འཚོལ་རོགས་བྱེད་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་རྒྱུན་མཐུད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་འཛུགས་སྐྱོང་བརྟན་པོ་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པ་བཟོ་བ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་ཟམ་མི་ཆད་པ་བྱེད་དགོས།
ཚོགས་འདུས་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅིས་ཡིག་ཚགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གནང་བའི་མཆན་འགོད་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། དོན་ཆེན་དང་ལོ་རྒྱུས་དཔྱད་ཡིག་གལ་ཆེན་བསྡུ་རུབ་དང་། ཐོ་འགོད། ཉར་ཚགས་བཅས་ཀྱི་ལམ་སྲོལ་འཛུགས་སྐྱོང་འཐུས་ཚང་བྱེད་དགོས་པ་དང་། གཙོ་གནད་དུ་བརྟན་ལྷིང་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། ཤང་གྲོང་དར་རྒྱས། གྲོང་ཁྱེར་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་། མཐའ་བརྟན་མཐའ་སྲུང་། ཏང་འཛུགས་སྐྱོང་། དེ་བཞིན་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་སོགས་ཀྱི་དཔྱད་ཡིག་ཟིན་ཐོར་ཡག་པོ་བཀོད་ཐོག་སྔར་བས་ལེགས་པའི་སྒོ་ནས་ལས་དོན་སྤྱི་ཡོངས་ལ་ཞབས་ཞུ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གསར་བརྗེའི་ཡིག་ཚགས་ཀྱི་ཐོན་ཁུངས་བེད་ཡག་པོ་སྤྱད་ནས་རྟེན་རྫས་བཤམས་སྟོན་ཡག་པོ་གཉེར་དགོས་པ་དང་ཡིག་ཚགས་ལས་དོན་ལས་ཐོན་པའི་སྲིད་གསོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
ཚོགས་འདུས་དེ་མིན་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།