སློབ་གསོ་ནི་མིའི་རིགས་ཀྱི་ཤེས་དཔལ་དར་རྒྱས་གཏོང་བའི་ཐབས་ལམ་གྲས་ཤིག་ཡིན། རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་འདྲ། མི་རིགས་གང་འདྲ་ཞིག་ཡིན་ནའང་འདྲ། ས་ཁུལ་གང་འདྲ་ཞིག་ཡིན་ནའང་འདྲ། ཐ་ན་ཁྱིམ་ཚང་གང་འདྲ་ཞིག་ཡིན་ནའང་འདྲ། ཚང་མས་སློབ་གསོ་ཀ་རྟེན་དུ་བྱས་པའི་རྨང་གཞིའི་འོག་འཕེལ་རྒྱས་དང་ཡར་ཐོན་བརྩོན་ལེན་བྱ་རྒྱུ་ནི་སློབ་གསོའི་རིན་ཐང་ཞིག་ཡིན་ཞིང་། སློབ་གསོ་མེད་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག ས་ཁུལ་ཞིག ཁྱིམ་ཚང་ཞིག་བཅས་རང་སོར་ཡོང་ཐབས་མེད་མོད། གལ་ཏེ་ཡོད་ཀྱང་དེ་དག་ནི་ཤི་མ་གསོན་གྱི་ཕུང་པོ་ཞིག་ཡིན། དེ་ཡང་རང་ཅག་ཀྲུང་གོ་བའི་སློབ་གསོར་དུས་ཡུན་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་ཅིང་། སློབ་གསོ་དང་སློབ་གསོའི་སྒྲིག་ཁོངས་ཀྱང་དུས་རབས་མི་འདྲ་བའི་ནང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད་པ་དང་། སློབ་གསོའི་གནས་སྟངས་དང་རིན་ཐང་ཐད་ལའང་དུས་རབས་སོ་སོའི་ནང་སློབ་གསོས་དུས་བསྟུན་ངང་བཟུང་བའི་་གནས་བབ་ཀྱང་ཧ་ཅང་མཐོན་པོ་ཡོད། དེ་ཡང་། སློབ་གསོ་དང་སློབ་གསོའི་འཕེལ་རྒྱས་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་ནི་ཤིན་ཏུ་མང་ལ། སློབ་གསོ་ལས་ཐོན་པའི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་འབྲས་ཀྱང་ཤིན་ཏུ་མི་དམན་པ་བླངས་ཡོད།
ང་ཚོས་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་ཕྱིར་མིག་འདྲེན་ཙ་ན། ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་ཡང་དག་མཛད་ཕྱོགས། སློབ་གསོའི་གྲུབ་འབྲས་རྣམས་ལ་འཛམ་གླིང་ཡོངས་ཀྱི་ཁས་ལེན་དང་དང་ལེན་ཞུ་དང་ཞུ་བཞིན་ཡོད། ཡང་དག་པའི་སློབ་གསོའི་སྒྲིག་གཞི་དང་སློབ་གསོའི་དོ་དམ་སློབ་གསོའི་ཁ་ཕྱོགས་ཀྱི་ད་གཟོད་རང་ཅག་ཀྲུང་གོ་བའི་རྒྱལ་ཁབ་སྟོབས་སྦྱོར་མངའ་ཐང་རྒྱས་པ་དང་མི་རིགས་ཁག་གི་ལས་དབང་གཅིག་མཐུན་བྱུང་བ། མི་དམངས་ཡོངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པའི་མཐར་གཏུགས་པའི་འབྱུང་ཁུངས་ནི་སློབ་གསོ་ཁོ་ནར་རག་ལས་ཡོད་ཅེས་བཤད་ན་སུ་ཞིག་གིས་ཀྱང་དེར་དགག་ལན་འདེབས་མི་སྲིད། རང་རེའི་བོད་ལྗོངས་ས་ཁུལ་གྱི་སློབ་གསོ་དེ་ཡང་ཕྱོགས་རྐྱང་པའི་སློབ་གསོ་ནས་སྣེ་མང་ཅན་གྱི་སློབ་གསོའི་བར་དང་སྲོལ་རྒྱུན་གྱི་སློབ་གསོ་ནས་དེང་རབས་ཀྱི་སློབ་གསོའི་བར་ཐོད་བརྒལ་རང་བཞིན་གྱིས་འགྱུར་ལྡོག་བྱུང་བ་ང་ཚོས་མིག་མཐོང་ལག་ཟིན་གྱིས་ཉམས་ལེན་བྱས་དང་བྱེད་བཞིན་ཡོད། ལྷག་པར་དུ་ འདི་ལོ་ཚུར་ནས་རྒྱལ་ཁབ་ནས་སློབ་གསོ་བསྒྱུར་བཅོས་ཤུགས་ཆེན་གནང་ཡོད་ཅིང་། སློབ་མའི་ཁུར་པོ་ཡང་དུ་གཏོང་བ་དང་། ཁྱིམ་བདག་གི་ཁུར་པོ་ཡང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་གཉིས་འཕྲིའི་ཐབས་ལམ་བཏོན་ཡོད་ཅིང་། ཐབས་ལམ་དེས་སློབ་ཕྲུག་དང་། དགེ་རྒན། ཁྱིམ་བདག སྤྱི་ཚོགས་བཅས་ལ་རྣག་ཐོག་གཙག་འཁེལ་གྱི་ཕན་པ་ཐོབ་ངེས་ལ། སློབ་ཕྲུག་གི་སློབ་སྦྱོང་ཁུར་པོ་ཡང་དུ་འགྲོ་རྒྱུར་ཕན་ཐོགས་དགེ་མཚན་མང་པོ་ཡོད་སྲིད་པ་ནི་ང་ཚོ་སློབ་ཁྲིད་པ་རང་ཉིད་ཀྱི་གཞན་ལ་འདྲི་མི་དགོས་པ་ཤེས་ངེས་སོ། འོན་ཀྱང་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་དགོས་ཞེས་བཏོན་མ་ཐག། སློབ་ཕྲུག་དང་དགེ་རྒན། ཁྱིམ་བདག་མང་པོ་ཞིག་ཡང་སོམ་ཉིའི་དྲ་བར་ཚུད་ནས། སློབ་ཕྲུག་སློབ་སྦྱོང་བྱེད་མི་དགོས་པ་དང་། དགེ་རྒན་སྦྱང་ཚན་བཟོ་བཅོས་བྱེད་མི་དགོས་པ། ཁྱིམ་བདག་སློབ་ཕྲུག་ལ་ལྟ་སྐུལ་བྱེད་མི་དགོས་པ་ཡིན་པའི་ངོས་འཛིན་བྱས་ནས་སློབ་ཕྲུག་གི་སློབ་སྦྱོང་ཐད་འཐུས་ཤོར་ཆེན་པོ་གཏོང་སྲིད་པ་ཡིན། དེར་བརྟེན། རང་ཉིད་སློབ་ཁྲིད་བཤད་སྟེགས་ཀྱི་ལས་བྱ་དང་པོ་ཞིག་ཡིན་པའི་ངོས་ནས་སློབ་ཕྲུག་གི་ཁུར་པོ་ཡང་དུ་གཏོང་བའི་ནང་སློབ་ཁང་སློབ་ཁྲིད་ལ་འཕྲད་པའི་དཀའ་ངལ་མང་པོ་འཕྲད་སྲིད་པ་དང་དཀའ་ངལ་དེར་གདོང་ལེན་སེལ་ཐབས་ཇི་ལྟར་བྱ་དགོས་པའི་སྐོར་གྱི་བསམ་གཞིགས་འགའ་འཆད་པ་བྱ་སྟེ།
དང་པོ། སློབ་ཁང་སློབ་ཁྲིད་ཀྱི་གཙོ་ཤུགས་ནུས་པ་སྔོག་སྤེལ་དང་བེད་སྤྱོད་ཐུབ་ཚད་གོང་མཐོར་གཏོང་དགོས།
5+2ཀྱི་སློབ་གསོའི་རྣམ་པ་ནི་སློབ་ཕྲུག་གི་སློབ་སྦྱོང་དུས་ཡུན་ཐུང་དུ་གཏོང་བ་དང་། སློབ་ཕྲུག་གི་སློབ་སྦྱོང་ཁུར་པོ་ཡང་དུ་གཏོང་བའི་ཐབས་ལམ་ཞིག་བཏོན་པ་དེས་གཅིག་ནས་སློབ་ཕྲུག་གི་སློབ་སྦྱོང་དུས་ཚོད་ཐུང་དུ་ཕྱིན་ཡོད་པ་མ་ཟད་སློབ་སྦྱོང་གི་ཁུར་པོ་ཡང་དུ་སོང་ཡོད་ཅེས་བཤད་ཆོག་མོད། སློབ་ཕྲུག་ཚོའི་ལོ་རིམ་མི་འདྲ་བའི་སློབ་ཚན་ཁག་གི་བསླབ་གཞིའི་ནང་དོན་དེ་ལས་ལྡོག་སྟེ་མང་དུ་ཕྱིན་ཡོད། བསླབ་གཞིའི་ནང་དོན་ཁག་སློབ་ཁྲིད་ཀྱི་འཆར་འགོད་ལྟར་ལེགས་གྲུབ་བྱ་དགོས་པ་ཤིན་ཏུ་གལ་ཆེ་ལ། དེ་བས་བསླབ་གཞིའི་ནང་བསྟན་པའི་བསླབ་ཚན་གྱི་སྦྱང་གཞིའི་ནང་དོན་ཁག་ཆད་ལུས་མེད་པར་ལེགས་གྲུབ་བྱ་དགོས་པའི་དོན་དངོས་གནས་ཚུལ་འོག སློབ་ཁང་སློབ་ཁྲིད་ཀྱི་གཙོ་ཤུགས་ནུས་པ་དེ་བས་སྔོག་འདོན་དང་དེ་བས་བེད་སྤྱོད་བྱ་མི་ཐུབ་ན་བསླབ་གཞི་ལེགས་གྲུབ་བྱ་རྒྱུའི་འཆར་གཞི་རྣམས་ལ་ཐོག་མའི་གྲུབ་འབྲས་ཐོབ་མི་སྲིད། ཐོག་མའི་གྲུབ་འབྲས་མ་ཐོབ་ན་མཐའ་མའི་རྒྱལ་ཁ་ལོན་ཐབས་མེད། དེར་བརྟེན། སློབ་ཁང་སློབ་ཁྲིད་ལ་དགེ་རྒན་རང་ཉིད་ནས་སློབ་ཁྲིད་ཐབས་ལམ་གསར་ཤོས་ཤིག་དང་སློབ་ཁྲིད་ནུས་ཕྱོད་ཆེ་ཤོས་ཤིག། སློབ་ཁྲིད་དགེ་མཚན་མང་ཤོས་ཤིག་བརྩད་འཚོལ་གྱི་སློབ་ཕྲུག་ལ་སྤྲོ་སྣང་ལྡན་ལ་ནུས་ཕྱོད་ཐོན་པའི་སློབ་ཁྲིད་ཡག་པོ་ཞིག་བྱ་དགོས།
གཉིས་པ། སློབ་ཕྱིའི་དུས་ཚོད་བཀོད་སྒྲིག་འཚམ་པོ་བྱས་ནས་སློབ་ཕྲུག་རང་ཉིད་ཀྱི་འབད་བརྩོན་དང་ཧུར་བརྩོན་རང་བཞིན་དེ་གཙོ་རྒྱུན་དུ་ཆགས་པ་བྱེད་དགོས།
5+2ཀྱི་སློབ་གསོའི་རྣམ་པས་ཉིན་ལྔའི་སློབ་སྦྱོང་རྣམ་པའི་ཐོག་ཆུ་ཚོད་གཉིས་ཀྱི་ཁྱིམ་སྦྱོང་ལས་བརྒལ་མི་ཆོག་པའི་བླང་བྱ་ལྟར་ན། རིག་ཚན་ཁག་གི་བསླབ་གཞིའི་སྦྱང་ཚན་ཁག་ལེགས་སྒྲུབ་བྱ་དགོས་པ་ནི་ཅུང་དཀའ་ཚེགས་ཆེ་བ་ཞིག་ཡིན། དེས་ན། རིག་ཚན་སོ་སོའི་སྦྱང་གཞི་ཡང་ཉིན་ལྔ་དང་ཆུ་ཚོད་གཉིས་ནང་ལེགས་གྲུབ་བྱ་དགོས་པ་ཞིག་ཡིན་ཙང་། སློབ་གྲྭའི་ནང་སློབ་ཚན་དངོས་ཚོགས་པའི་དུས་ཚོད་ཕུད་དུས་ཚོད་གཞན་པའི་ནང་ང་ཚོས་སློབ་ཕྲུག་གི་རང་ངོས་འབད་བརྩོན་དང་ཧུར་བརྩོན་རང་བཞིན། རང་འགུལ་རང་བཞིན་དེ་སློབ་སྦྱོང་བྱེད་པའི་གཙོ་རྒྱུན་དུ་ཆགས་པ་བྱེད་དགོས། གལ་ཏེ། སློབ་ཕྱིའི་དུས་ཚོད་བཀོད་སྒྲིག་འོས་འཚམ་མ་བྱུང་ཚེ་སློབ་ཕྲུག་གི་སློབ་སྦྱོང་དུས་ཚོད་མང་པོ་ཞིག་འཕྲོ་བརླག་དང་སྟོང་ཟད་དུ་འགྲོ་ཉེན་ཆེ་ཞིང་དེ་ལྟ་བུའི་དུས་ཚོད་ཅིག་འཕྲོ་བརླག་དང་སྟོང་ཟད་དུ་ཕྱིན་ན། རིག་ཚན་ཁག་གི་སྦྱང་གཞི་ལེགས་གྲུབ་ཐུབ་ཚད་དེ་ཤིན་ཏུ་དམའ་པོ་རེད་ལ་ང་ཚོའི་སློབ་ཁྲིད་ལས་ཀར་ཡང་གྲུབ་འབྲས་ཐོན་རྒྱུར་འགལ་རྐྱེན་མང་པོ་ཞིག་འཕྲད་སྲིད་པ་ཡིན། དེའི་ཕྱིར་སློབ་ཕྲུག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གྱི་བསམ་བློ་སྐྱེད་སྲིང་བྱ་རྒྱུར་ཚང་མས་ཤུགས་སྣོན་རྒྱག་དགོས་ངེས་ཡིན།
གསུམ་པ། སློབ་ཁྲིད་པ་མི་རེ་ངོ་རེས་སློབ་ཕྲུག་གི་སློབ་ཁང་སྦྱོང་ཚན་དང་སློབ་ཕྱིའི་སྦྱོང་ཚན་དུས་ཐོག་ཏུ་བཀོད་སྒྲིག་དང་བཟོ་བཅོས། གདེང་འཇོག་བཅས་བྱས་ན་དགེ་མཚན་མང་ཞིང་སྤྲོ་སྣང་འཕེལ་བ་ཞིག་ཏུ་འགྱུར་བ་བྱ་དགོས།
5+2ཀྱི་སློབ་གསོའི་རྣམ་པས་ང་ཚོའི་སློབ་ཁྲིད་དུས་ཚོད་དང་། སློབ་ཁྲིད་མྱུར་ཕྱོད། སློབ་ཁྲིད་ཕན་ནུས། སློབ་ཁྲིད་བྱང་གོམས་སོགས་གང་ཅིའི་ཐད་ཀྱི་བསླབ་གཞི་སློབ་ཁྲིད་ཀྱི་བྱེད་ཕྱོགས་ལ་བསྒྱུར་བཅོས་བྱས་ཡོད་ཅིང་། སློབ་ཕྲུག་གི་སློབ་སྦྱོང་ཁུར་པོ་ཡང་དུ་འགྲོ་ངེས་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ལས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པའི་ངེས་པ་མེད།
དེར་བརྟེན། སློབ་ཁང་སློབ་ཁྲིད་ལེགས་གྲུབ་ཐུབ་མིན་དེ་སྦྱོང་ཚན་བཀོད་སྒྲིག་ལ་རག་ལས་ཡོད་ཅིང། སློབ་ཕྱིའི་སྦྱོང་ཚན་ལའང་དེ་དང་དེ་ལྟ་བུའི་རྒྱུ་རྐྱེན་མང་པོ་ཡོད། སློབ་ཁྲིད་ཀྱི་ཉམས་མྱོང་དངོས་ནང་སློབ་ཕྲུག་གི་སྦྱང་ཚན་རིགས་གཉིས་དུས་ཐོག་ཏུ་བཀོད་སྒྲིག་དང་། བཟོ་བཅོས། གདེང་འཇོག་བཅས་བྱས་ན་སློབ་ཕྲུག་གི་བསམ་གཞིག་རང་བཞིན་དང་། སྤྲོ་སྣང་རང་བཞིན། འབྲི་འདོད་རང་བཞིན་གྱི་སློབ་སྦྱོང་གི་རང་ཉིད་ལ་སྦྱིན་པའི་སྤྲོ་སྣང་དང་དགའ་ཕྱོགས་ལ་དེ་བས་བློ་ཁ་ཕྱོགས་ནས་སློབ་ཕྲུག་གི་སློབ་སྦྱོང་ཐད་འཛིན་པའི་ལེ་ལོའི་ལྟ་བ་རིམ་བཞིན་མེད་པ་ཆགས་ཏེ་བརྩོན་འགྲུས་ཀྱི་ལྟ་བ་འཛུགས་རྒྱུར་ཕན་ཐོགས་གི་དགེ་མཚན་ཆེན་མོ་ཡོད་སྙམ་མོ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་སློབ་ཆུང་།
ཡེ་ཤེས་ཕན་ཐོགས།