བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་ལྗོངས་ཀྱི་བདམས་ཐོན་པ་22རྣམ་གྲངས་ཀྱི་འགྲན་བསྡུར་ཚང་མར་ཞུགས་ཡོད་པ་རེད།
ད་རེས་ཀྱི་འགྲན་བསྡུར་ཆེ་མོས“རྩལ་ནུས་ངོམ་སྟོན་གྱིས། གྲོང་གསེབ་དར་བར་སྐུལ”བརྗོད་དོན་གཙོ་བོར་བྱས་ཏེ། གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་རྩལ་ནུས་ལ་དམིགས་ནས་ཨར་པོ་རྒྱག་མཁན་དང་། རླངས་འཁོར་ཉམས་བཟོ་བ། ཞིང་འཕྲུལ་ཉམས་བཟོ་བ། གློག་ལས་བཟོ་པ། སྐྲ་བཞར་བ། རྒན་འཁོགས་ལ་གཡོག་རྒྱུག་མཁན། བུ་རྫི། མན་པའོ་བཟོ་མཁན། ཟ་ཁང་གི་ཞབས་ཞུ་བ། གློག་རྡུལ་ཚོང་གཉེར་བ། རྒྱ་ཟས་མ་བྱན(ལུག་ཤ་སྲེག་མ)སོགས་འགྲན་བསྡུར་རྣམ་གྲངས་11བཙུགས་ཡོད། འགྲན་ཞུགས་ཀྱི་བདམས་ཐོན་པ་ཕུད། ད་དུང་བོད་ཀྱི་འཐུས་མི་ཚོགས་པའི་མི་40ཤན་འབྱེད་དང་། དྲིལ་བསྒྲགས། ལྟ་སྦྱོང་། འགྲེམས་སྟོན་སྤེལ་རེས་སོགས་ཀྱི་ལས་དོན་ནང་ཞུགས་ཡོད་པ་རེད།
འགྲན་བསྡུར་ཆེ་མོའི་རིང་། དུས་གཅིག་ཏུ་སྤེལ་བའི“རྩལ་ནུས་ངོམ་བཞིན་ཀྲུང་གོར་སྐྱོད་2021—ཤིན་ཅང་དུ་སྐྱོད་པ”ཞེས་པའི་བྱེད་སྒོའི་ཁྲོད་རང་ལྗོངས་ཀྱི་མེ་ཏོག་མཆོད་པ་བཟོ་རྩལ་དང་། བོད་ཆས། དྭགས་པོའི་ལག་བཟོས་ཤིང་ཕོར་ཡང་སྟོན་རྒྱུ་ཡིན་པ་རེད།
མིག་སྔའི་བར། རང་ལྗོངས་སུ་རིགས་ཁག་གི་རྩལ་ནུས་ལྡན་པའི་ངལ་རྩོལ་བ་ཁྲི་21ཙམ་ཡོད་པ་དང་། དེའི་ནང་རྩལ་ནུས་ཆེ་མོ་བ་ཁྲི་4.7ཡོད་པ་དེས་རྩལ་ནུས་ངལ་རྩོལ་བའི་བསྡོམས་འབོར་གྱི་22.76%བཟུང་བ་དང་། ལོ་རེའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཞི་ཁྱོན་མི་ཐེངས་ཁྲི་10ཡན་ཟིན་གྱི་ཡོད།