ཟླ་བ་གསུམ་པར་ཡར་ཀླུང་གཙང་པོའི་ངོགས་སུ་གནམ་གཤིས་དྲོ་ལ་མྱུ་གུ་གསར་པས་ཁེངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན། ཞོགས་པ། གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོར་སྐྱོད་སྐབས། མིག་ལམ་དུ་གཙང་ཞིང་གྲལ་འགྲིག་པའི་ཨར་འདམ་ལམ་དང་རིམ་པ་སྟར་ཆགས་ཀྱི་ཞིང་ཁྱིམ། གྲོང་མིའི་ཁང་པའི་ཐོག་གི་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་པ་སོགས་མཐོང་རྒྱུ་ཡོད།
སྲི་ཐར་རྡོ་རྗེའི་ཁང་པ་གསར་པ་དེ་ཐོག་བརྩེགས་གཉིས་ལྡན་གྱི་བོད་བཟོའི་ཁང་པ་ཞིག་ཡིན་པ་དང་ཁྱིམ་དུ་གློག་ཆས་སྣེ་ཁ་འཛོམས་ཤིང་། ཐོག་བརྩེགས་གཉིས་པར་ཁང་མིག་གསུམ་ཡོད་པ་དང་་། ཉི་མའི་འོད་ཟེར་ཤེལ་སྒོའི་སྒེའུ་ཁུང་གི་ཕྱི་ནས་འཕྲོས་ཡོང་སྐབས། ཁང་པའི་ནང་བཏབས་པའི་མེ་ཏོག་རྣམས་སྐྱེ་འཚར་འཕེལ་ཞིང་། མིག་ལམ་དུ་དྲོ་སྐྱིད་ལྡན་པའི་འཚོ་བའི་སྣང་ཚུལ་ཞིག་མངོན་བཞིན་འདུག སྲི་ཐར་རྡོ་རྗེས་ཁོང་གི་སྡོད་ཁང་གསར་པར་བློ་ཡིད་ཚིམས་བཞིན། ཁོང་གི་བདག་སྐྱོང་འོག་ཁང་པའི་ནང་གི་སིང་སིང་ཁུག་ཁུག་ཚང་མ་འོད་ཐིང་ངེར་གནས།
སྲི་ཐར་རྡོ་རྗེས་དེ་སྔོན་ང་ཚོ་ནི་གྲོང་ཚོའི་ནང་གི་དབུལ་པོའི་དུད་ཚང་གི་གྲས་ཤིག་ཡིན་ཞིང་། ཏང་གི་སྲིད་ཇུས་བཟང་པོ་དང་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་པས། ད་ཆ་དབུལ་སྒྲོལ་ཐུབ་པ་དང་འཚོ་བ་ཡང་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། .
སྲི་ཐར་རྡོ་རྗེ་དང་བཟའ་ཟླ་པད་མ་གཉིས་ནི་སྔ་མོ་ནས་གྲམ་མདའ་གྲོང་ཚོར་བཅའ་སྡོད་བྱེད་བཞིན། དུས་ཡུན་རིང་པོའི་ནང་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲོང་མི་མང་ཆེ་བ་དང་འདྲ་བར་སོ་ནམ་གྱི་འཚོ་བ་སྐྱེལ་ནས་བསྡད་ཡོད། ཁོ་ཚོའི་ཁང་པ་རྙིང་པ་དེ་རྒྱ་ཆེན་པོ་མེད་པ་དང་། ཐོག་ས་གཉིས་པར་མི་སྡོད་པ་དང་ཐོག་ས་དང་པོར་ཕྱུགས་རིགས་གསོ་ཀྱི་ཡོད་པ་རེད། ལོ་མང་རིང་ཁང་པར་བཟོ་བཅོས་མ་བརྒྱབ་པས། རྟག་ཏུ། ཆར་པ་འབབ་དུས་ཁང་སྟེང་ནས་ཆར་ཐིགས་བརྒྱབ་ཀྱི་ཡོད་པ་དང་། དགུན་དུས་སྒེའུ་ཁུང་ནས་རླུང་བུ་འཛུལ་གྱི་ཡོད་པས། ཁང་པའི་ནང་ལ་ཡང་དྲང་ངར་ཤིན་ཏུ་ཆེ།
དེ་སྔོན་གྱི་ཁང་པ་རྙིང་པ་དེ་ཆེན་པོ་མེད་པས་ང་དང་བཟའ་ཟླ་གཉིས་ཁང་མིག་གཅིག་དང་། ཕ་མ་དང་ཕྲུ་གུ་ཁང་མིག་གཞན་ཞིག་ནང་མ་སྡོད་ཀ་མེད་ཡིན། ཁང་པའི་ནང་གྲང་ལ་བཞའ་ཚན་ཆེ་བས་དེའི་ནང་འཚོ་སྡོད་བྱེད་སྐབས་ཉེན་ཁ་ཡོད་མེད་ཀྱི་སེམས་ཁྲལ་ཚད་མེད་སྐྱེས་ཀྱི་འདུག་ཅེས་སྲི་ཐར་རྡོ་རྗེས་བཤད།
སྲི་ཐར་རྡོ་རྗེའི་ཁྱིམ་དུ་རྨོ་ཞིང་མུའུ་གཉིས་ལས་མེད་པས་འབྲུ་རིགས་ཁྱིམ་ཚང་གཅིག་པུར་འདང་ཙམ་ལས་མེད་པ་དང་། ཐོན་འབབ་ཡག་པོ་མེད་པས་ལོ་གཅིག་ནང་ཐ་ན་རང་གི་འཚོ་བའི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་མེད།
སྲིད་ཐར་རྡོ་རྗེས། ཕ་མ་གཉིས་ལོ་ན་བགྲེས་པས། བཟའ་ཟླས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་པ་དང་། རང་ཉིད་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཀ་ཙག་ཙིག་ལས་གཞན་བྱེད་ཐབས་བྲལ་བས། ཡོང་འབབ་ཡང་སྒོར་ཉིས་སྟོང་སུམ་སྟོང་ཙམ་ལས་མེད། ལོ་གཅིག་ལ་ལས་ཀ་བྱས་ཀྱང་། ཡོང་འབབ་ཚང་མ་འཚོ་བའི་འགྲོ་སོང་ཐད་ཕྱིན་པ་ལས། ལག་པར་དངུལ་སྤྱིར་བཏང་ལྷག་གི་མེད་ཅེས་བཤད།
2016ལོར། སྲི་ཐར་རྡོ་རྗེའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་ཁྱིམ་དུད་ལ་གཏན་འཁེལ་བ་རེད།
བུ་མོ་ཆུང་བ་སྐྱེས་པ་ནས་བཟུང་། ནང་མི་ཚང་མའི་འཚོ་བ་སྔར་བས་སྐྱོ་རུ་ཕྱིན་པ་དང་། སྲི་ཐར་རྡོ་རྗེས་རྟག་ཏུ་གང་འདྲ་བྱས་ནས་འབྲུ་རིགས་དང་དངུལ་མི་ཆད་པའི་བདེ་སྐྱིད་འཚོ་བ་སྐྱེལ་དགོས་པ་དང་། ཕྲུ་གུ་ཚོས་སྤྲོ་སྣང་ལྡན་པའི་བྱིས་དུས་ཤིག་སྐྱེལ་ཐུབ་རྒྱུར་བསམ་བློ་ཚད་མེད་བཏང་།
གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་བཞག་པའི་དཔེ་བཞིན། 2017ལོར། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་རྔ་སྒྲའི་ལམ་མཚམས་སྐྲུན་འགོ་ཚུགས་སྐབས། སྲི་ཐར་རྡོ་རྗེའི་བཟའ་ཚོ་གཉིས་པོས་ལས་མི་དགོས་མཁོ་ཆེ་བའི་འབབ་འཕར་གོ་སྐབས་ལ་དམ་འཛིན་བྱས་ཏེ། རང་འགུལ་ངང་མིང་ཐོ་བཀོད་པ་དང་ལས་མིར་ཧུར་ཐག་ཞུགས་ཁར། ཙང་ཚའོ་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱས་པས་ཁོ་ཚོའི་ཁྱིམ་གྱི་ལོ་དེའི་ཡོང་འབབ་སྒོར་29600ལྷག་ཙམ་ཟིན་ཡོད་པ་རེད།
ཕྲུ་གུ་གཉིས་རིམ་བཞིན་འཚར་ལོངས་བྱུང་ཞིང་། སྲི་ཐར་རྡོ་རྗེའི་འཆར་གཞི་ལྟར་བྱ་དགོས་པའི་བྱ་བ་དེ་བས་མང་དུ་ཕྱིན་ཡོད།
2018ལོར། གཙང་པོའི་བྱང་རྒྱུད་ཀྱི་གནས་སྤོའི་ས་ཚིགས་དངོས་སུ་སྐྲུན་འགོ་ཚུགས་ཤིང་། ས་གནས་དེ་གའི་མང་ཚོགས་ཡིན་པའི་བཟའ་ཚོ་གཉིས་ལ་ཡང་སྔོན་ལ་ལས་ཀ་བཀོད་སྒྲིག་བྱས་པ་རེད། ལོ་དེར། ཁོ་ཚོའི་ཁྱིམ་ཚང་གི་ཡོང་འབབ་སྒོར་57000ལྷག་ཙམ་ཟིན་ནས་2016ལོ་ལས་ལྡབ་5འཕར་བ་དང་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཏེ་དངོས་སུ་དབུལ་སྒྲོལ་ཐུབ་པ་རེད། ལས་ཀར་བསྐྱོད་པའི་རིང་། ཁོང་བཟའ་ཚོ་གཉིས་ཀྱིས་རྩལ་ནུས་ཧུར་ཐག་སྦྱངས་ནས་དུས་དང་རྣམ་པ་ཀུན་ཏུ་མ་འོངས་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུའི་ཐབས་ལམ་རྒྱ་ཆེར་གཏོང་ཕྱིར་གྲ་སྒྲིག་བྱེད་བཞིན་ཡོད།
དབུལ་སྒྲོལ་ནི་འགོ་འཛུགས་ས་གསར་པ་ཙམ་ཡིན་ཞིང་། འཚོ་བ་དེ་བས་ཡག་པ་ཞིག་སྐྱེལ་དགོས་ཚེ་ད་དུང་ཐབས་ཤེས་མང་ཙམ་གཏོང་བ་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ལོ་མང་ལས་ཀར་བསྐྱོད་པའི་བརྒྱུད་རིམ་ནང་། སྲི་ཐར་རྡོ་རྗེས་བླུག་འཁོར་གྱི་ཁ་ལོ་བའི་ལག་རྩལ་བྱང་ཆུབ་པ་སྦྱངས་ཏེ། ཉེ་འགྲམ་གྱི་ལས་ཡུལ་དུ་བླུག་འཁོར་གཏོང་བར་སྐྱོད་པས་ཆུ་ཚོད་གཅིག་ལ་ཆ་སྙོམས་གླ་ཆ་སྒོར་200ལྷག་སྤྲོད་ཀྱི་ཡོད་པ་རེད།
2019ལོར། སྲི་ཐར་རྡོ་རྗེས་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་བྱས་ནས་རང་ཉིད་ཀྱི་སེམས་ལ་བསམ་པ་ལྟར་བྱུང་བའི་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་སྤོས་པ་རེད། ཁང་པ་གསར་པའི་ནང་། གཙང་སྦྲ་དོད་པའི་སྒོ་ར་ཆུང་ཆུང་དང་། དྭངས་གཙང་གི་ཆུ་ཀ་ལ། ཆུ་ཚོད་24ཟམ་མི་ཆད་པར་མཁོ་འདོན་བྱས་པའི་གློག་བཅས་སྣེ་ཁ་འཛོམས་པའི་གློག་ཆས་བཅས་ཡོད་པ་རེད།
སྲི་ཐར་རྡོ་རྗེས།སྡོད་ཁང་གསར་པའི་སྐོར་གླེང་སྐབས། སྲི་ཐར་རྡོ་རྗེས་སྤྲོ་སེམས་འཁོལ་པོས། ཁང་པ་གསར་པར་གསང་སྤྱོད་ལོགས་སུ་ཡོད་པ་དང་། ངས་ད་དུང་ཐོག་བརྩེགས་གཉིས་པར་ཆེད་མངགས་ཉི་གཡབ་ཤིག་བཙུགས་པས། རྒྱུན་དུ་གྱོན་གོས་སྐམ་ཐུབ་ལ་གཉེན་ཉེ་དང་གྲོགས་པོ་ཚོ་འདུ་འཛོམས་བྱེད་པའི་ས་ཆ་ཡག་པོ་ཞིག་ཏུ་འགྱུར་ཡོད་པ་དང་། ཕྲུ་གུ་གཉིས་པོར་ཡང་སོ་སོར་ཉལ་ཁང་རེ་ཡོད་ཅེས་དགའ་སྤྲོའི་ངང་བཤད།
2020ལོར། གྲ་ནང་རྫོང་སྲིད་གཞུང་གི་རོགས་རམ་འོག གསོ་སྦྱོང་དང་ཡིག་རྒྱུགས་བཏང་བ་བརྒྱུད། ཁོ་པའི་བཟའ་ཟླ་པད་མ་རྔ་སྒྲ་ཞབས་ཞུའི་ཁུལ་རྩེད་ཐང་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་དོ་དམ་ཅུད་ཀྱི་གཙང་སྦྲ་བ་ཞིག་ཏུ་གྱུར་ནས་ཟླ་རེར་གླ་ཆ་སྒོར་3500ལྷག་ཙམ་ཡོད་པ་དང་། ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱུང་ཡོད་པ་རེད།
སྲི་ཐར་རྡོ་རྗེས། ལོ་དེ་དག་ནང་། དབུལ་སྒྲོལ་ལམ་བུའི་ཐོག་དཀའ་ཚེགས་ཆེན་པོ་འཕྲད་ཀྱང་། ང་ལ་ཡིད་ཆེས་བརྟན་པོ་ཡོད། གང་ལགས་ཤེ་ན། ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པ་དང་། ང་དང་པད་མ་ཡང་དཀའ་སྡུག་མྱོང་ཐུབ་མཁན་ཞིག་ཡིན་པས། ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
ད་ཆ། སྲི་ཐར་རྡོ་རྗེ་དང་འདྲ་བའི་གནས་སྤོས་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་ཟབ་བཞེས་འོག་འབྱོར་ཕྱུག་ལམ་བུའི་ཐོག་གོམ་གང་མདུན་སྤོས་ངང་བསྐྱོད་བཞིན་ཡོད་དོ།