འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ངེད་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་བདག་མེད་སྲོག་ཆགས་ཉོ་ཚོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཟོག་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། བཟའ་བཅའ་དང་སྨན་རྫས་ཚོང་གཉེར། སྨན་བཅོས་ཡོ་བྱད་ལས་གཉེར་དུད་ཚང་སོགས་ལ་གཙོ་གནད་ཞིབ་བཤེར་བྱས་པ་མ་ཟད། མཚོ་ཟས་ཁྲོམ་རར་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་རིམས་ནད་ཐོན་རྒྱུར་སྔོན་འགོག་ཚོད་འཛིན་བྱས་ཡོད་པ་རེད།
མིག་སྔའི་བར། ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་ཚོང་གཉེར་བྱ་ཡུལ་ཁྱོན་2952ལ་ཞིབ་བཤེར་བྱས་པ་དང་། དེའི་ནང་ཞིང་ཟོག་ཁྲོམ་ར་65ཡོད་པ་དང་། བཟའ་བཅའ་ལས་གཉེར་ཁྱིམ་དུད་1046 བཟའ་བཏུང་ལས་གཉེར་ཁྱིམ་དུད་1236 ཁ་རས་ལས་གཉེར་ཁྱིམ་དུད་263 དུག་སེལ་སྲིན་གསོད་མཁོ་ཆས་ཉོ་ཚོང་ཁང་66 སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་ཀྱི་གསོ་ཚགས་ཉོ་ཚོང་ཁྱིམ་དུད་17 མཚོ་ཟས་རིགས་ཕྱིར་འཚོང་ལས་གཉེར་དུད་ཚང་27 དེ་མིན་གྱི་ཁྱིམ་དུད་90བཅས་ཚུད་ཡོད་པ་རེད། ཁྱོན་ཡོངས་ཀྱི་སྔོན་འགོག་འཚོད་འཛིན་ལས་དོན་ནང་བདག་མེད་སྲོག་ཆགས་ཉོ་ཚོང་སོགས་ཀྱི་གནད་དོན་ཐོན་མེད་པ་མ་ཟད། ཡོངས་ཁུངས་མི་གསལ་བའི་ཤ་རིགས་དང་ཁྱིམ་བྱ་ཚོང་གཉེར་བྱེད་པ་སོགས་ཀྱི་གནད་དོན་ཡང་ཐོན་མེད་པ་རེད།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བདེ་བླག་ངང་སྤེལ་ཆེད། ངེད་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་ཁྱིམ་བྱ་གསོན་པ་ཚོང་གཉེར་དང་ཇ་ཁང་སོགས་ཀྱི་ཁྲོམ་ར་གནས་སྐབས་གཉེར་མཚམས་འཇོག་པའི་ལས་དོན་ཧུར་ཐག་སྒྲུབ་ནས། མིག་སྔར། ཇ་ཁང་སོགས་ཕྱི་ཕྱོགས་སུ་ལས་གཉེར་བྱེད་མཚམས་བཞག་པ་དང་།སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་ཀྱི་གསོ་ཚགས་ཉོ་ཚོང་བྱེད་མཚམས་བཞག་ཟིན་པ་རེད།
འགོག་སྲུང་གི་སྤྱོད་ཆས་དང་རྒྱུན་མཁོའི་འཚོ་བའི་དངོས་རྫས་སོགས་ཀྱི་རིང་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། རིན་གོང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཧུར་ཐག་བསྒྲུབ་ནས། རིན་གོང་ཞིབ་བཤེར་དང་དྲན་སྐུལ་བསླབ་བྱའི་ལས་དོན་མུ་མཐུད་སྤེལ་ཏེ། ལྷོ་ཁའི་གཞུང་ཕྱོགས་སྤྱི་སྟེགས་བརྒྱུད་ཁྲོམ་རའི་རིན་གོང་གི་བྱ་སྤྱོད་དྲན་སྐུལ་ཡི་གེ་ཁྱབ་བསྒྲགས་བྱས་ནས། ཚོང་གཉེར་ཁྱིམ་དུད་ཀྱིས་ཁྲིམས་ལྟར་ཚོང་གཉེར་བྱ་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་ཧུར་ཐག་བྱས་ཡོད། མིག་སྔར། ཁ་རས་ཚོང་ཁང་དང་། དུག་སེལ་དངོས་རྫས་སོགས་ཁྱབ་ཁོངས་སུ་རིན་གོང་ཕྲན་བུ་འཕར་བ་དང་བྲིན་ཁ་རྒྱུག་པོའི་གནས་ཚུལ་ཡོད་པ་ཕུད། དེ་མིན་གྱི་སྨན་རྫས་དང་སྨན་རྫས་ཡོ་བྱད་ཀྱི་རིན་གོང་བརྟན་པོ་ཡོད་པ་རེད། ཧུའུ་པེ་ནས་ཡིན་པའི་ཚོང་གཉེར་མི་སྣའི་ཆ་འཕྲིན་བསྡུ་རུབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་མི་སྣ་འགྲོ་འོང་གི་གནས་ཚུལ་ཁོང་དུ་ཆུད་པ་བྱས་པ་དང་། ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ། སྡེ་ཁུལ་གྱི་བཟའ་བཏུང་ཚན་པ་དང་། ཞིང་ཟོག་ཁྲོམ་ར། ཇ་ཁང་། ཚོང་ཁང་། སྨན་ཁང་། ཁེ་ལས་སོགས་ངེད་གྲོང་ཁྱེར་དུ་ཚོང་གཉེར་བྱེད་མཁན་གྱི་ཧུའུ་པེ་ནས་ཡིན་པའི་ཚོང་གཉེར་མི་སྣའི་ཆ་འཕྲིན་ཐོ་འགོད་དང་འདྲི་རྩད་བྱས་པ་རེད། ཐེར་འདོན་སྙན་ཞུའེ་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས།འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་སྟེ།རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན། ཐེར་འདོན་དང་ལེན་བྱས་པ་5དང་།ཐེར་འདོན་ཐག་གཅོད་བྱས་པ་2 དེ་མིན་ད་ལྟ་ཐག་གཅོད་བྱེད་བཞིན་པའི་3བཅས་ཡོད་རེད། (ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར)