ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཁྱབ་སྤེལ་གཏོང་རྒྱུ་ནི་མའོ་ཙེ་ཏུང་གིས་གཞི་རིམ་གསར་གཏོད་ལས་ཀའི་ཉམས་མྱོང་རབ་དང་རིམ་པ་ཤེས་རྟོགས་དང་།ཕྱོགས་བསྡོམས།ཁྱབ་སྤེལ་བཅས་ཀྱི་དངོས་དཔེ་གལ་ཆེ་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཀྲུང་གོའི་དོན་དངོས་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད།མའོ་ཙེ་ཏུང་གིས་གཞི་རིམ་ལས་ཀའི་ཁྲོད་གསར་གཏོད་བྱས་པའི་དཔེ་མཚོན་ཁག་དམ་འཛིན་མཁས་པོས་གསོན་ཉམས་དོད་པའི་གཞི་རིམ་ལས་ཀའི་ཉམས་མྱོང་རབ་དང་རིམ་པ་ཤེས་རྟོགས་དང་།ཕྱོགས་བསྡོམས། ཁྱབ་སྤེལ་བཅས་གནང་ཡོད། གཞི་རིམ་དང་ལྷག་པར་དུ་མི་དམངས་མང་ཚོགས་ཀྱིས་གསར་གཏོད་བྱས་པའི་ཉམས་མྱོང་བཟང་པོ་སྣ་ཚོགས་ལ་དོ་ཁུར་དང་ཕྱོགས་བསྡོམས་བྱས་ཏེ།དེ་དག་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་མཐོ་ཚད་ཐོག་ནས་ཁྱབ་སྤེལ་བྱས་ཏེ་ས་གནས་ཁག་གི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་དེ་ནི།མའོ་ཙེ་ཏུང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཐབས་ཤེས་གལ་ཆེན་ཞིག་ཡིན་ཞེས་བཤད་ཆོག མའོ་ཙེ་ཏུང་གིས་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པར་དོ་ཁུར་ཆེན་པོ་གནང་བ་དང་ཁྱབ་སྤེལ་ཤུགས་ཆེ་གནང་བ་དེས།ཁོང་གིས་སྐབས་དེ་དུས་ཇི་ལྟར་བྱས་ཏེ་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཡང་དག་ཐག་གཅོད།ཇི་ལྟར་བྱས་ཏེ་འགལ་རྐྱེན་རྣམས་མཐུན་རྐྱེན་དུ་འགྱུར་བ་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེ་ལ་བསམ་གཞིགས་གཏིང་ཟབ་གནང་གི་ཡོད་པ་མཚོན་ཡོད། ཀྲུང་གོ་གསར་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད།ལས་བྱེད་པ་ཁག་ཅིག་གིས་གསར་བརྗེའི་དུས་སྐབས་ཀྱི་ཉམས་མྱོང་གཞིར་བཟུང་བྱ་བ་སྒྲུབ་རྒྱུ་གོམས་གཤིས་སུ་གྱུར་ནས།དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླ་ཐག་གཅོད་བྱེད་པའི་ཐབས་ཤེས་ཐོག་ནས་ལས་མཚམས་འཇོག་པ་དང་སློབ་མཚམས་འཇོག་པའི་དོན་རྐྱེན་དང་།དེ་བཞིན་གཞི་རིམ་དུ་ཐོན་པའི་རྙོག་འཛིང་ལྡན་པའི་འགལ་ཟླའི་གནད་དོན་ཁག་ཅིག་ལ་དེ་མཚུངས་ཀྱི་ཐག་གཅོད་བྱ་ཐབས་སྤྱད་པས་འགལ་ཟླ་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད།གནས་ཚུལ་དེ་དག་ལ།མའོ་ཙེ་ཏུང་གིས་དོ་ཁུར་ཆེན་པོ་གནང་གི་ཡོད། མའོ་ཙེ་ཏུང་གིས་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་བྱེད་པའི་ཐད།མང་ཚོགས་དང་ཁ་བྲལ་མི་རུང་བ་དང་།དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་འཛིན་མི་རུང་། དཔེར་ན། བཟོ་པས་ལས་མཚམས་འཇོག་པ་དང་།སློབ་མས་སློབ་མཚམས་འཇོག་པའི་རིགས་ཀྱི་གནད་དོན་འབྱུང་གཞི་མཐར་གཏུགས་ན་དཔོན་ཉམས་རིང་ལུགས་ལས་བྱུང་བའི་ངོས་འཛིན་གནང་གི་ཡོད། ཁོང་གིས་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཞིག་གི་ཐོག་དེ་སྔོན་རྫོང་རིམ་པར་ཐོན་པའི་གནས་ཚུལ་དཔེ་བཞག་ནས་སྐྱོན་བརྗོད་ནན་པོ་གནང་མྱོང་བ་འདི་ལྟ་སྟེ། རྫོང་ཨུད་ཡན་གྱི་ལས་བྱེད་པ་ཁྲི་ཚོ་བཅུ་ཕྲག་ཁ་ཤས་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་དབང་ཁོང་ཚོའི་ལག་ཏུ་ཡོད། གལ་སྲིད་ཡག་པོ་མི་བྱུང་བ་དང་། མང་ཚོགས་དང་ཁ་བྲལ་བ། དཀའ་སྤྱད་འབད་བརྩོན་མི་བྱེད་པ་བཅས་བྱས་ཕྱིན། བཟོ་པ་དང་ཞིང་པ། སློབ་མ་བཅས་ཀྱིས་ཁོང་ཚོར་ཡི་རང་མ་བྱས་ཀྱང་རྒྱུ་མཚན་ལྡན་པ་ཡིན། ང་ཚོས་ངེས་པར་དུ་དོགས་ཟོན་བྱས་ཏེ་དཔོན་ཉམས་ རིང་ལུགས་ཀྱི་སྤྱོད་ཚུལ་འཛིན་མི་རུང་ལ། མི་དམངས་དང་ཁ་བྲལ་བའི་སྐུ་དྲག་རིམ་གྲས་ཞིག་ཏུ་མི་འགྱུར་བ་བྱེད་དགོས། སུ་ཞིག་གིས་དཔོན་ཉམས་རིང་ལུགས་ཐོག་ནས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་མི་བྱེད་པ་དང་། མང་ཚོགས་ལ་ཁ་རྡུང་གཏོང་བ། མང་ཚོགས་གཉའ་གནོན་བཅས་བྱེད་པ་དང་། སྒྱུར་བཅོས་གཏན་ནས་མ་བྱས་ཕྱིན། མང་ཚོགས་ཀྱིས་མི་དེའི་རིགས་མེད་པ་བཟོས་ཀྱང་རྒྱུ་མཚན་ལྡན་པ་ཡིན། གཞི་རིམ་དང་ལྷག་པར་དུ་རྒྱ་ཆེའི་གྲོང་གསེབ་ཏུ་ཐོན་པའི་འགལ་ཟླ་དང་གནད་དོན་ལ་མའོ་ཙེ་ཏུང་གི་གཞི་རྩའི་བསམ་ཕྱོགས་ནི་དོན་དངོས་གནས་ཚུལ་གཞིར་བཟུང་། ང་ཚོའི་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གང་ལེགས་བཏང་སྟེ་མང་ཚོགས་ལམ་ཕྱོགས་བརྒྱུད་ཐག་གཅོད་བྱ་རྒྱུ་དེ་ཡིན། དེར་བརྟེན། དཔེ་མཚོན་ནུས་པ་ལྡན་པ་དང་ཡོངས་ཁྱབ་དོན་སྙིང་ལྡན་པའི་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཐོན་མ་ཐག་མའོ་ཙེ་ཏུང་གིས་ཀྲུང་དབྱང་གི་ངོས་ནས་ཁྱབ་སྤེལ་གཏོང་རིན་ཡོད་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད།
མའོ་ཙེ་ཏུང་གིས་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པར་གནང་བའི་བཀའ་མཆན་ལ་ཉུང་མཐར་ཡང་གོ་དོན་ལྔ་འདུས་ཡོད་པ་སྟེ། གཅིག་ནི་དམིགས་བསལ་ཁས་ལེན་ཐོག་ནས་ཧ་ཅང་ཡག་པོ་འདུག་ཞེས་པ་དང་། གཉིས་ནི་ཁྱབ་ཁོངས་ཆུང་ཆུང་ཁོ་ནར་བཤད་ན་མི་འགྲིག་པ་དང་། གཞི་ཁྱོན་སྔར་ལས་ཆེ་བར་ཤེས་སུ་འཇུག་དགོས་ཤིང་། དེ་བས་རྒྱལ་ཡོངས་ཀྱི་གཞི་རིམ་དང་། ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་དང་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་པ་བྱེད་དགོས་ལུགས་ཐད། བརྗོད་ཚར་རྗེས། རྫོང་རིམ་པའི་ཏང་ཨུད་དང་དེ་བཞིན་རྫོང་སྤྱི་བདེ་ཅུད་ལ་སྐུར་ཆོག་མིན་ཁྱོད་ཚོས་བསམ་གཞིགས་ཐོངས་དང་ཞེས་པ། གསུམ་ནི་ཀྲུང་དབྱང་གི་ངོས་ནས་འདིར་ཆེད་མངག་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་དགོས་ལུགས་ཐད། ཀྲུང་དབྱང་གིས་ཡིག་ཆའི་མདུན་ངོས་སུ་ངོ་སྤྲོད་སྐད་ཆ་འགའ་བྲིས་ཡོད་ཞེས་པ། བཞི་ནི་གཞི་རིམ་དུ་གསར་གཏོད་བྱས་པའི་དཔེ་མཚོན་ཉམས་མྱོང་བཟང་པོ་ཁག་ཅིག་ཏང་ཡོངས་ཀྱི་ལས་བྱེད་པའི་གསོན་ཉམས་ལྡན་པའི་སློབ་གཞིར་འགྱུར་བ་བྱས་ཏེ་ས་གནས་ཁག་གིས་ལད་ཟློས་བྱེད་དགོས་ལུགས་ཐད། ལས་བྱེད་པར་སློབ་གསོ་གཏོང་བའི་དཔྱད་གཞིར་འཛིན་དགོས་ཞེས་པ་དང་། དེའི་ནང་ཀྲུའུ་ཅི་ཡི་དཔེ་ཡག་པོ་ཁག་ཅིག་བཏོན་ནས་ས་གནས་ཁག་གིས་ལད་ཟློས་བྱེད་དགོས་ཞེས་པ། ལྔ་ནི་ས་གནས་ཁག་གིས་ཉམས་མྱོང་འདི་དག་སློབ་སྦྱོང་ བྱེད་སྐབས། ངེས་པར་དུ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་ཐོག སྔོན་ལ་ཚོད་ལྟ་བྱས་ཏེ་དོན་དངོས་དང་མཐུན་པའི་ཕན་འབྲས་ཐོབ་རྗེས། སྔར་བས་ཁྱབ་སྤེལ་གཏོང་དགོས་ལུགས་ཐད། ཚོད་ལྟ་བྱས་ནས་ཁྱབ་སྤེལ་གཏོང་དགོས་ཞེས་པའོ། །གོ་དོན་ལྔ་པོ་དེ་དག་ལས་མའོ་ཙེ་ཏུང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ། གཞི་རིམ་ནས་བྱུང་བ་དང་དཔེ་མཚོན་གྱི་དོན་སྙིང་ལྡན་པའི་གསར་གཏོད་ཉམས་མྱོང་ཤེས་རྟོགས་དང་ཕྱོགས་བསྡོམས། ཁྱབ་སྤེལ་བཅས་བྱེད་པའི་གཞི་རྩའི་བསམ་ཕྱོགས་མཚོན་ཡོད། གོ་དོན་ལྔ་པོ་དེ་དག་ལས་ང་ཚོས་མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ལག་ལེན་ལྟ་བ་དང་མང་ཚོགས་ཀྱི་ལྟ་བ། བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་མཐོང་ཐུབ་ལ། རླབས་ཆེའི་འཐབ་ཇུས་པ་ཞིག་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཐོག་འཚོལ་ཞིབ་ཟབ་མོ་དང་བསམ་གཞིགས་ཟབ་མོ་བྱེད་པ་ཡང་མཐོང་ཐུབ།
མའོ་ཙེ་ཏུང་གིས་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པར་དོ་ཁུར་དང་གཙོ་གནད་དུ་ཁྱབ་སྤེལ་དེ་ལྟར་གནང་དོན་གྱི་འགག་རྩ་ནི། ཉམས་མྱོང་དེ་དག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འགོ་ཁྲིད་མཚོན་ཡོད་ལ་མི་དམངས་མང་ཚོགས་ཀྱི་ཐུན་མོང་བློ་གྲོས་ཀྱང་མཚོན་ཡོད། གཞི་རིམ་ལས་བྱེད་པ་མང་ཚོགས་ཀྱི་ཆབ་སྲིད་བསམ་བློའི་ལས་དོན་དང་སློབ་གསོ་འགྱུར་ལྡོག་ལས་དོན་སྤེལ་བ་བརྒྱུད། གནད་དོན་གཞི་རིམ་དུ་ཐག་གཅོད་དང་། འགལ་ཟླ་གཞི་རིམ་དུ་སེལ་བ། ལྷག་པར་དུ། རྣོ་ངར་གདོང་གཏུག་ཏུ་འགྱུར་ཉེན་ཡོད་པའི་དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླའི་གནད་དོན་དག་གཞི་རིམ་དུ་ཐག་གཅོད་བཅས་བྱས་ནས་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་བྱེད་པའི་དཔེ་མཚོན་བཟང་པོ་ཞིག་གཏོད་ཡོད་པས་ཡིན།