(པར་ངོས་དང་པོར་མཐུད)ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་མཚོན།
གཅིག་ནས་ལས་ཀའི་ཇུས་གཞི་ཚང་མ་བཏོན་ཟིན་ཞིང་། 2017ལོའི་ཟླ་4ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་ལས་ཀའི་ཇུས་གཞི》པར་འགྲེམས་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7དང་། རྫོང(ཆུས)74 ཤང(གྲོང་རྡལ)693བཅས་ཀྱི་ལས་ཀའི་ཇུས་གཞི་ཚང་མ་པར་འགྲེམས་བྱས་ནས་ལག་བསྟར་བྱས་ཟིན། རིམ་ཁག་ལས་ཀའི་ཇུས་གཞིའི་ནང་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། ལས་ཀའི་དམིགས་ཚད། རྩ་འཛུགས་ཀྱི་མ་ལག ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་བཅས་ཕྱོགས་དྲུག་གི་ནང་དོན་གསལ་སྟོན་བྱས་ཡོད།
གཉིས་ནས་རྩ་འཛུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཞིང་།རང་སྐྱོང་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེས་ཙུའུ་ཀྲང་གི་འགན་བཞེས་ཡོད། དེ་དང་ཆབས་ཅིག་བློ་མཐུན་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆུ་དཔོན་གྱི་འགན་ཐུན་མོང་ཐོག་བཞེས་ཡོད། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་དང་མཚོ་དཔོན་22དང་། ས་ཁུལ(གྲོང་ཁྱེར)རིམ་པའི་ཆུ་དཔོན་དང་མཚོ་དཔོན་213 རྫོང(ཆུས)རིམ་པའི་ཆུ་དཔོན་དང་མཚོ་དཔོན་1533 ཤང(གྲོང་རྡལ)རིམ་པའི་ཆུ་དཔོན་དང་མཚོ་དཔོན་5421 གྲོང་ཚོ(གྲོང་ལྷན)རིམ་པའི་ཆུ་དཔོན་དང་མཚོ་དཔོན་6747བཅས་བསྐོ་གཞག་བྱས་ཡོད། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་འགན་འཁྲི་ཁག་ལག་བསྟར་ནན་ཏན་བྱས་ཤིང་། མིག་སྔའི་བར་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མི་ཐེངས་24དང་། ས་ཁུལ(གྲོང་ཁྱེར)ཁག་རིམ་པའི་ཆུ་དཔོན་དང་མཚོ་དཔོན་མི་ཐེངས་151 རྫོང(ཆུས)རིམ་པའི་ཆུ་དཔོན་དང་མཚོ་དཔོན་མི་ཐེངས་2093 ཤང(གྲོང་རྡལ)རིམ་པའི་ཆུ་དཔོན་དང་མཚོ་དཔོན་མི་ཐེངས་3962བཅས་འབྲེལ་ཡོད་ཀྱི་ཆུ་བོ་དང་མཚོ་ལ་སྐོར་ཞིབ་དང་བརྟག་ཞིབ་ཀྱི་ལས་དོན་སྤེལ་བར་བསྐྱོད་ཡོད། ལྗོངས་ཡོངས་ཀྱིས་ཆུའི་སྣོད་བཅུད་ཀྱི་ལས་གནས་ཁྲི་7ལྷག་དོན་འཁྱོལ་བྱས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འབྲེལ་ཡོད་ལས་དོན་ནང་ཞུགས་ཡོད། ཆུ་བོ(མཚོ)ཁག་གི་མངོན་གསལ་དོད་པའི་གནས་སུ་ཆུ་དཔོན་དང་མཚོ་དཔོན་གྱི་གསལ་བསྒྲགས་བྱང་བུ་བཙུགས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་ཆེད་དོན་གྲོན་དངུལ་སྒོར་དུང་ཕྱུར་1.5ཙམ་དོན་འཁྱོལ་བྱས་ཡོད་པ་རེད།
གསུམ་ནས་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་གྲུབ་ཅིང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)ཚང་མར་ཆུ་དཔོན་ཚོགས་འདུ་དང་། ཆ་འཕྲིན་མཉམ་སྤྱོད། ཆ་འཕྲིན་གཏོང་སྤེལ། ལས་ཀའི་ལྟ་ཞིབ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་དང་སྐུལ་སློང་དང་རྩིས་ལེན་སོགས་ཀྲུང་དབྱང་གི་གཏན་འབེབས་བླང་བྱའི་སྒྲིག་སྲོལ་ལམ་ལུགས་6པར་འགྲེམས་བྱས་ནས་བཏོན་པ་དང་འབྲེལ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་སྡེ་ཚན་མཉམ་འགུལ་དང་། ཁོངས་མིའི་ཚན་པས་དཔྱད་ཞིབ་ལ་དོ་དམ། ཆུ་ལམ་གཙང་སྦྲའི་དོ་དམ་བྱེད་ཐབས། ཐེར་འདོན་དང་ཞུ་གཏུག་བདག་སྤྲོད་སོགས་ཀྱི་ལམ་ལུགས་གཞན་དག་ཀྱང་བཏོན་ཡོད། རང་སྐྱོང་ལྗོངས་ཀྱིས་ཆུ་དཔོན་ལས་རོགས་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་ལག་དེབ་པར་འགྲེམས་བྱས་ནས་བཏོན་པ་དང《མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་མཚོའི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར》བཏོན་པ་རེད།
བཞི་ནས་ལྟ་སྐུལ་ཞིབ་བཤེར་རྒྱུན་རྣམ་དུ་གྱུར་ཅིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་ཆུ་དཔོན་གཞུང་དོན་ཁང་གིས་སྔ་རྗེས་སུ་ས་ཁུལ(གྲོང་ཁྱེར)ཁག་ལ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཐེངས་4བྱས་ནས“ས་ཁུལ(གྲོང་ཁྱེར)གཅིག་དང་ཚན་པ་གཅིག”གི་བྱེད་ཐབས་གཞིར་བཟུང་། དག་ཐེར་བརྡ་ཐོ་བཏང་ནས་དག་ཐེར་དོན་ཐོག་ཏུ་འཁྱོལ་རྒྱུའི་སྐུལ་འདེད་བཏང་བ་མ་ཟད། ས་ཁུལ(གྲོང་ཁྱེར)7གྱི་ཆུ་དཔོན་ལམ་ལུགས་དཔྱད་ཞིབ་ལས་དོན་དེ་ཆུ་བེད་མ་ལག་གི་ལོ་འཁོར་གྱི་ཕྱོགས་བསྡུས་དམིགས་ཚད་དོ་དམ་དཔྱད་ཞིབ་ནང་འཇུག་རྒྱུ་རེད། ས་ཁུལ(གྲོང་ཁྱེར)ཁག་གིས་ཁོངས་གཏོགས་རྫོང(ཆུས)དུ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་ཐེངས་20ལྷག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས《ལས་བྱེད་པ་གདམ་གསེས་དང་བསྐོ་གཞག་བྱེད་རིང་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་ལག་ལེན་བསྟར་བས་རང་ལྗོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།