མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་གསལ། ཉེ་དུས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། ཚེས་21ཉིན་ནས་བཟུང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐད་གཏོང་བྱེད་སྐབས། བོད་སྐད་ནས་འགྲེལ་བཤད་རྒྱག་འགོ་ཚུགས་པས་བོད་རིགས་མང་ཚོགས་ཀྱིས་བོད་སྐད་ནས་འགྲེལ་བཤད་བརྒྱབ་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཐད་གཏོང་ལྟ་ཐུབ་ཡོད། དེ་ནི་ལོ་30ཡི་རིང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ལ་འཛམ་གླིང་རིམ་པའི་རྩེར་སོན་འགྲན་བསྡུར་གྱི་བརྒྱུད་གཏོང་དབང་ཆ་རག་ཐེངས་དང་པོ་དེ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐད་གཏོང་བྱེད་རིང་། ལྷ་སའི་ལྟད་མོ་བས་བརྙན་འཕྲིན་གྱི་འཕྲིན་ལམ་སྒྱུར་སྒམ་ཁ་ཕྱེ་སྟེ་རྒྱང་གཅུན་ནས་ཨང་ཀི་24བསྣན་ན་ཐད་གཏོང་ལྟ་ཐུབ་པ་དང་། གྲོང་ཁྱེར(ས་ཁུལ)གཞན་དག་གི་ལྟད་མོ་བས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་འཚོ་བའི་འཕྲིན་ལམ་བཙལ་ནས་ལྟ་ཐུབ། ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བོད་སྐད་ཐད་གཏོང་ལ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་གཉིས་དང་པེ་ཅིང་སློབ་འབྲིང་གི་རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོའི་རིམ་པ་གཉིས་པའི་ཤན་འབྱེད་པ་གཅིག་དམིགས་སུ་སྐུ་མགྲོན་ལ་གདན་ཞུ་བྱས་པ་དང་། བོད་སྐད་ནས་ཐད་གཏོང་བྱེད་པའི་ཚོགས་པ་དེའང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་ཕུལ་བྱུང་མི་སྣ་ལས་གྲུབ་པ་ཞིག་ཡིན་པ་རེད།