བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ།ཟི་ལིང་ནས་གཞིས་རྩེ་བར་དང་ལྷ་ས་ནས་ནག་ཆུ་བར་གྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་སྤུས་རྟགས་དུས་གཏན་མེ་འཁོར་ཟླ་7ཚེས་1ཉིན་ཤར་གཏོང་བྱ་རྒྱུ་རེད་འདུག
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་དང་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས“ཡུལ་སྐོར+ལྕགས་ལམ”གྱི་མཉམ་བསྡུས་ཐོན་རྫས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་མཚོ་བོད་ལྕགས་ལམ་གྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པར་གྲོས་མོལ་གང་ལེགས་བྱས་ནས། 2018ལོའི་ཟླ་7ཚེས་1ཉིན“ཟི་ལིང་ནས་གཞིས་རྩེ་བར”གྱི་Z6811/ཐེངས་གྲངས་2ཀྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་སྤུས་རྟགས་དུས་གཏན་མེ་འཁོར་དང“ལྷ་ས་ནས་ནག་ཆུ་བར”གྱི་Z8808/ཐེངས་གྲངས་7གྱི་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་གྲོང་ཁྱེར་དབར་གྱི་སྤུས་རྟགས་དུས་གཏན་མེ་འཁོར་མཉམ་དུ་ཤར་གཏོང་བྱ་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་བས། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་དུས་བཀག་ལས་ལོ་གཉིས་ཀྱི་སྔ་སྣུར་དུ“ལོ་ལྔ་ཚན་གསུམ་པའི”འཆར་འགོད་ཡུལ་སྐོར་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
ན་ནིང་ཟླ་7ཚེས་23ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་དང་མཚོ་བོད་ལྕགས་ལམ་ཀུང་སིས“ལྷ་ས་ནས་གཞིས་རྩེ་བར”གྱི་ཐང་དང་རྒྱ་གར་གནའ་ལམ་ཡུལ་སྐོར་ཆེད་གཏོང་དུས་གཏན་མེ་འཁོར་མཉམ་དུ་བཏོད་པ་ནས་བཟུང་། ལྕགས་ལམ་ཡུལ་སྐོར་སྤུས་རྟགས་དང་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་རྒྱུད་ཡུལ་སྐོར་གྱི་སྐྱེལ་འདྲེན་འཇོན་ཐང་ཆེ་རུ་ཕྱིན་པ། ལྕགས་ལམ་ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད།