ལྷ་སའི་གྲོང་མི་སྐུ་ཞབས་ཧྲེན་ལགས་ལ་ཉེ་ཆར་ཁང་པ་ཞིག་ཉོ་འདོད་བྱུང་བ་རེད། འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་སྐབས་ཁོང་ལ་ཁག་ཐེག་བྱེད་མཁན་ཞིག་དགོས་ཀྱི་ཡོད། དེར་བརྟེན་གལ་ཏེ་གཞན་ལ་ཁག་ཐེག་བྱས་ཚེ་ཁྱེད་རང་ལ་ཆ་རྐྱེན་གང་དག་འཛོམ་དགོས་མིན་སོགས་ཀྱི་སྐོར་ལ། རྩོམ་སྒྲིག་པས་རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན།
ཁག་ཐེག་པར་ཆ་རྐྱེན་གང་དག་འཛོམ་དགོས་སམ།
●ཁག་ཐེག་པ་ནི་ངེས་པར་དུ་རང་ལྗོངས་སུ་སྤྱི་གསོག་མ་དངུལ་འཇལ་མཁན་གྱི་ལས་བཟོ་ཡིན་དགོས།
●ཡོང་འབབ་བརྟན་པོ་ཡོད་པའི་ཁར། སྐྱིན་ཚབ་འཇལ་བའི་ནུས་པའང་ལྡན་པའི་སྤྱི་དམངས་ཡིན་དགོས།
●ཁག་ཐེག་པའི་ལོ་དང་དངུལ་བུན་གཡར་མཁན་གྱི་དངུལ་བུན་འཇལ་བའི་ལོ་ཚད་དེ་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ལོ་ཚད་ལས་བརྒལ་མི་རུང་།
●གཞན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གཡར་སྐབས་ཁག་ཐེག་བྱས་ཚེ་སླར་ཡང་ཁག་ཐེག་བྱ་མི་རུང་།
●གཟའ་ཚང་དབར་ཕན་ཚུན་ཁག་ཐེག་བྱ་མི་རུང་། དངུལ་གཡར་མཁན་དང་ཁག་ཐེག་བྱེད་མཁན་གཉིས་དབར་ཕན་ཚུན་ཁག་ཐེག་བྱ་མི་རུང་།
●ཁག་ཐེག་པར་དངུལ་བུན་ཡོད་པ(ཚོང་ལས་དངུལ་ཁང་གི་དངུལ་བུན་ཚུད་པ)མ་ཟད། དངུལ་བུན་ལྷག་གྲངས་རིམ་རྩིས་བརྒྱབ་ན་ད་ལྟ་ལག་ལེན་བསྟར་བཞིན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྲངས་བཅད་ལས་བརྒལ་ཚེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཁག་ཐེག་པ་བྱ་མི་རུང་།
གཞན་ལ་ཁག་ཐེག་བྱས་ཚེ་རང་ཉིད་ལ་ཤུགས་རྐྱེན་གང་ཡོད་དམ།
མི་གཞན་ལ་ཁག་ཐེག་བྱས་རྗེས་གལ་སྲིད་དངུལ་བུན་གཡར་མཁན་གྱིས་ཚུལ་མཐུན་ངང་བུ་ལོན་འཇལ་ནས་ཁག་ཐེག་བྱེད་མཁན་གྱི་སྤྱི་གསོག་མ་དངུལ་བེད་སྤྱོད་ལ་ཤུགས་རྐྱེན་མ་ཐེབས་ཚེ། སྡོད་ཁང་སྤྱི་གསོག་མ་དངུལ་བླང་ཆོག་པ་མ་ཟད། དངུལ་བུན་ཡང་གཡར་ཆོག
རང་ལྗོངས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་མང་ཤོས་ག་ཚོད་གཡར་ཆོག་གམ།
མིག་སྔར། བོད་རང་སྐྱོང་ལྗོངས་ལས་བྱེད་ལས་བཟོའི་སྡོད་ཁང་སྤྱི་གསོག་མ་དངུལ་མཐོ་ཤོས་ལ་སྒོར་ཁྲི་70(དངུལ་བུན་གྱི་གྲངས་བཅད་མཐོ་ཤོས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་ས་ཁང་བདག་ཁོངས་ཁྲོམ་རའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་བསྟུན་ནས་ལེགས་སྒྲིག་འོས་འཚམ་བྱེད་རྒྱུ)གཡར་ཆོག དངུལ་བུན་གྱི་གྲངས་བཅད་མཐོ་ཤོས་ནང་དངུལ་བུན་གྱི་གྲངས་བཅད་ཞིབ་ཕྲ་ལས་བྱེད་ལས་བཟོའི་ཟླ་རེའི་གླ་ཕོགས་ཀྱི་སྐྱིན་ཚབ་འཇལ་ནུས་དང་དངུལ་བུན་གྱི་དུས་བཅད་རིང་ཤོས་སོགས་རྒྱུ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་རྒྱུ་རེད།
དངུལ་བུན་གྱི་སྐྱེད་ཀ་མ་འཇལ་གོང་སླར་ཡང་དངུལ་གཡར་ཆོག་གམ།
སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་བའི་ལས་བཟོས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་མ་འཇལ་གོང་སླར་ཡང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་མི་ཆོག སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་སྐྱེད་ཀ་འཇལ་རྗེས་བབ་མཐུན་གྱི་འགྲོ་ལུགས་མཁོ་འདོན་བྱས་ན། ཟླ་བ་རྗེས་མར་སླར་ཡང་སྡོད་ཁང་སྤྱི་གསོག་མ་དངུལ་གཡར་ཆོག
གཞན་ཡང་། ཉེ་བའི་ལོ་གསུམ་རིང་། བཟང་ཚང་གཉིས་ནས་ཕྱོགས་གཅིག་གིས་ཐེངས་གསུམ་བསྟུད་མར་དུས་བཅད་ལས་འགྱངས་ནས་བུ་ལོན་འཇལ་བའམ་ཡང་ན་ཕྱོགས་གཉིས་པོས་རིམ་རྩིས་བརྒྱབ་ན་ཐེངས་དྲུག་དུས་བཅད་ལས་འགྱངས་ནས་བུ་ལོན་འཇལ་བ་མ་ཟད། དམིགས་བསལ་གྱི་གནས་ཚུལ་ར་སྤྲོད་བྱེད་ཐབས་བྲལ་ན། དེ་རྐང་བཙུགས་ནས་དངུལ་བུན་འཇལ་བའི་དུས་ཚོད་འགྱངས་པར་བརྩི་ཡི་ཡོད་པས། དེ་རིགས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་གཡར་བའི་འགྲོ་ལུགས་གཉེར་གྱི་མི་འདུག་གོ
(བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་དྲ་ནས་བཏུས)