འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ས་དྲོད་རྒྱས་ཤིང་ཡར་ཀླུང་ས་གཞི་ཆེ་མོར་དཔྱིད་ཀྱི་དཔལ་ཡོན་བཞད། གངས་ལྗོངས་ས་མཐོའི་རྩྭ་ཐང་སྟེང་གི་རྩྭ་རྩི་ཤིང་རྣམས་དཔྱིད་ཀྱི་ཕོ་ཉས་གཉིད་ལས་སད་དེ་སྔོ་ལྗང་གི་གོས་བརྗེ་ལེན་སྟ་གོན་ལས་ལ་བྲེལ། སྣེ་གདོང་ཆུས་ཀྱི་བཙན་ཐང་སྡེ་ཁུལ་གྱི་ཞིང་ས་གཤིན་པོར་དེང་རབས་ཀྱི་ཞིང་འཕྲུལ་བཀོལ་སྤྱོད་ཀྱི་སྐད་སྒྲས་ཁེངས་ནས་ཡོད་ཅིང་དཔྱིད་རྨོ་འདེབས་ཐོན་ལས་ཀྱི་ལེའུ་ཐོག་མ་དེ་བརྩམས་འགོ་ཚུགས་ནས་ལས་ལ་བརྩོན་པའི་བཙན་ཐང་གྲོང་མིས་དུས་བསྟུན་ཞིང་ལས་འཐུས་ཤོར་མེད་པར་རྨོ་འདེབས་ཧུར་ཐག་བགྱིད་བཞིན་མཆིས།
བ་ནི་དགུན་གྱི་དུས་སུ་གསོ། ཞིང་ནི་བརླན་བཤེར་ལྡན་ཚེ་རྨོ། ཚ་ཚ་འུར་འུར་གྱི་ཞིང་ལས་ཐོན་སྐྱེད་ཁྲོད། སྣེ་གདོང་ཆུས་ཀྱི་ཤང་གྲོང་རྡལ་ཤག་གིས་སྔོན་ཚུད་གྲ་འགྲིག་པོས་དཔྱིད་འདེབས་དཔྱིད་རྨོའི་ལས་བྲེལ་ཁྲོད་ཞུགས་རྐྱེན། ཁྲ་འབྲུག་གྲོང་རྡལ་གཡུལ་གསར་ཡུལ་ལྷན་གྱི་ཡུལ་མི་ཚོས་ཀྱང་རྗེས་ལ་ལུས་དོགས་ཀྱིས་གྲོང་ཚོའི་ནང་གི་གཞོན་པ་ཚང་མ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་སླེབས་པ་དང་། ཕན་ཚུན་རོགས་རེས་ཀྱིས་རྩྭ་ངན་བརྐོ་རོགས་དང་སོན་འབྲུ་དབོར་འདྲེན་བྱས་ནས་གྲོང་ཚོ་ཡོངས་ལ་དགའ་དགའ་སྤྲོ་སྤྲོས་ངལ་རྩོལ་གྱི་གླུ་དབྱངས་ལེན་བཞིན་ཡོད།
སྣེ་གདོང་ཆུས་ཞིང་འབྲོག་ཅུད་ཀྱི་ལས་སྒྲུབ་མི་སྣས་གསར་འགོད་པར་བརྗོད་དོན། འདི་ལོའི་དཔྱིད་འདེབས་དཔྱིད་རྨོའི་ལས་དོན་ཡག་པོ་སྒྲུབ་ཆེད། སྣེ་གདོང་ཆུས་ཀྱི་ཞིང་སོན་རྒྱ་མ་ཁྲི་13དང་། ཞིང་སྨན་ཀྲོན་4.504 རྫས་ལུད་ཀྲོན་826བཅས་གྲབས་གསོག་བྱས་ཡོད་པས་དཔྱིད་འདེབས་ཀྱི་ཞིང་ལས་ཐོན་རྫས་མཁོ་འདོན་འཐུས་ཤོར་མེད་པ་འགན་སྲུང་བྱས་ཡོད་པ་དང་། ཞིང་འཕྲུལ་མཁོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་451.5125དོན་འཁྱོལ་དང་ཞིང་འཕྲུལ་ཡོ་བྱད་ཁ་གྲངས་1358སྤྲད་པ་མ་ཟད། ཞིང་འཕྲུལ་ཡོ་བྱད་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཉམས་བཟོའི་གསོ་སྦྱོང་དུས་ཁག་2གཉེར་བ་རེད། དུས་མཚུངས། ཚན་རྩལ་མི་སྣ་ཞིང་ནང་དུ་མངགས་གཏོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་དགུན་གྱི་ལོ་ཏོག་དང་ལྗང་མྱུག་གི་སྐྱེ་འཚར་འགན་སྲུང་བྱེད་ཐབས་ཐད་མཛུབ་སྟོན་བྱེད་དུ་བཅུག་ཡོད། སྣེ་གདོང་འདོ་ཉིད་ཞིང་ལས་ཐོན་སྐྱེད་དངོས་སུ་འཕྲུལ་ཆས་ཅན་དུ་འགྱུར་བའི་ལམ་དུ་བསྐྱོད་བཞིན་ཡོད་ཅེས་བཤད།
དེས་མི་ཚད། སྣེ་གདོང་གིས་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣེ་གདོང་མི་དམངས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
ཡར་ཀླུང་གཙང་པོའི་འགྲམ་དུ་གནས་པའི་རྡོ་ཕོ་བྲང་ཤང་གི་ཞོལ་གྲོང་ཚོའི་གྲོང་མིས་སྔོ་ལྗང་འཕེལ་རྒྱས་ཡག་པོ་གཏོང་ཆེད། ཚང་མས་སྦྱག་མ་དང་། འཛུགས་སོན། ཆུ་སྣོད་སོགས་འཁྱེར་ཏེ། བྱེ་སའི་སྟེང་རང་ཉིད་ཀྱི་ལག་ལེན་དངོས་ལ་བརྟེན་ནས་སྔོ་ལྗང་ཅན་གྱི་ཕ་ཡུལ་བསྐྲུན་རྒྱུའི་ཆོད་སེམས་མི་རྣམས་ལ་བསྟན་བཞིན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཡོངས་སུ་ནགས་བཟོ་མུའུ་དུང་ཕྱུར་1ཡན་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་བཏིང་ཡོད་ཅིང་། སྣེ་གདོང་ཆུས་ཀྱིས་ཀྱང་དམིགས་ཚད་འདི་མངོན་འགྱུར་ཆེད་འབད་པ་ལྷུར་བླངས་བྱེད་བཞིན་ཡོད། སྣེ་གདོང་ཆུས་ཀྱི་ཞིང་འབྲོག་ཅུད་ཅུད་ཀྲང་ཏིང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་སྣེ་གདོང་ཆུས་ཀྱི་ནགས་བཟོ་འདེབས་འཛུགས་མུའུ་7164.5བྱ་རྩིས་ཡོད་ཅིང་མིག་སྔར་དམིགས་ཚད་ཀྱི་བརྒྱ་ཆ་45ལེགས་སྒྲུབ་ཟིན་ཡོད་པ་དང་། རི་རྒྱ་བསྡམས་ནས་ནགས་ཚལ་མུའུ་5000སྐྱོང་རྒྱུའི་འཆར་གཞི་ཡོད་ཅིང་མིག་སྔར་དམིགས་ཚད་ཀྱི་བརྒྱ་ཆ་60ལེགས་སྒྲུབ་ཟིན་ཡོད་པ། བྱེ་འགོག་བྱེ་བཅོས་མུའུ་16135བྱ་རྩིས་ཡོད་ཅིང་མིག་སྔར་དེའི་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། འོས་འགན་ལྕང་འཛུགས་མུའུ་500བྱ་རྩིས་ཡོད་པ་དག་མིག་སྔར་ཡོངས་སུ་ལེགས་སྒྲུབ་ཟིན་ཡོད་པ་རེད་ཅེས་བརྗོད།
འཚོ་བར་མཛེས་སྡུག་གི་འོད་སྣང་ལྡན་དགོས་ཤིང་དེ་བས་གཞིས་སྡོད་གནད་དོན་ནི་མང་ཚོགས་ཀྱི་དོ་ཁུར་བྱེད་ས་ཆེ་ཤོས་ཤིག་ཏུ་གྱུར་ཡོད། སྣེ་གདོང་ཆུས་རྩེད་ཐང་ཡུལ་ལྷན་ཁུལ་དུ་སྐྱོ་ཁུལ་བསྒྱུར་བཅོས་རྣམ་གྲངས་འཛུགས་སྐྲུན་ཁྲོད། མི་རྣམས་ཀྱི་མིག་ལམ་དུ་འཆར་བ་ནི་ཨར་སྐྲུན་འཕྲུལ་ཆས་ཀྱི་འཁུན་སྒྲ་དང་ལས་མི་ཚོའི་ཨར་སྐྲུན་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད་ཅིང་། ཐོག་བརྩེགས་ཁང་ཆེན་སྟར་པ་དང་སྟར་པ་བྱས་ནས་འགྱིང་ངེར་ལངས་བཞིན་ཡོད། མང་ཚོགས་ལ་རེ་སྒུག་ལྟར་རྣམ་གྲངས་འདི་སྤྱི་ཟླ་3པའི་ཚེས་10ཉིན་ནས་མཐུད་སྐྲུན་བྱེད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། རྣམ་གྲངས་དེར་མ་འཇོག་སྒོར་ཁྲི་17903.79བཏང་ཡོད་ཅིང་། རྣམ་གྲངས་ཀྱིས་རྩེད་ཐང་ཡུལ་ལྷན་གྱི་ཐེམ་དུད་སྒོ་གྲངས་241གི་ཡུལ་མིར་སྡོད་ཁང་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། རྣམ་གྲངས་དེར་སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ལྷོ་ཁ་གྲོང་ཁྱེར་གྲོང་ཁྱེར་གྲོང་གསེབ་མཉམ་འབྲེལ་པུའུ་ཡི་ཉམ་ཞན་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་ཀྱི་དམངས་འདུན་ལས་གཞི་ཞིག་དང་ཀུན་ཕན་སྲིད་སྒྲུབ་ཀྱི་ལས་གཞིག་ཞིག་རེད། རྣམ་གྲངས་བསྐྲུན་ཚར་རྗེས། སྡེ་ཁུལ་དེར་ཆུ་དང་གློག གཞུང་ལམ། དེ་བཞིན་སྔོ་ལྗང་ཁོར་ཡུག་སོགས་ཀྱི་ལེ་ལག་འཐུས་ཚང་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། དེས་ལྷོ་ཁའི་གྲོང་ཁྱེར་གཟུགས་བརྙན་མཐོར་འདེགས་ཀྱིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
སྣེ་གདོང་ཆུས་ཨུད་དང་། ཆུས་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་གསོན་སྟོབས་ཀྱི་དཔལ་འབར་བའི་སྣེ་གདོང་གསར་པ་ཞིག་ཡར་ཀླུང་ས་གཞི་ཆེ་མོར་སྐྲུན་དང་བསྐྲུན་མུས་ཡིན་པ་དང་། སྣེ་གདོང་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་སྣེ་གདོང་གི་མ་འོངས་སྔར་བས་མཛེས་སྡུག་ལྡན་པ་ཡོང་རྒྱུར་ཡིད་ཆེས་ཆེན་པོ་ཡོད་དོ། (བདེ་སྐྱིད་དཔལ་སྒྲོན་གྱིས་བསྒྱུར)