རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། སླད་ཕྱིན་ལོ་ལྔའི་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱས་ཏེ་ལས་གཞི་ཆེན་པོ་བཅུ་ལག་བསྟར་ཤུགས་ཆེ་བྱེད་དགོས།
ཆུ་དང་། ས་ཆ། གཏེར་རྫས་སོགས་ཀྱི་ཐོན་ཁུངས་གྲོན་ཆུང་དང་ཞིབ་འདུས་ངང་བེད་སྤྱོད་བྱེད་དགོས། གཏེར་རྫས་ཐོན་ཁུངས་ལ“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་ཐད“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་རྒྱུ”མུ་མཐུད་ལག་བསྟར་བྱེད་དགོས། སྦགས་བཙོག་འགོག་བཅོས་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་དགོས། རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཐོག གཙོ་གནད་ཁུལ་ཁོངས་ཀྱི་ས་ཆུ་ཤོར་རིགས་དང་། བྱེ་འགྱུར་ས་ཆ། ཉམས་ཆག་སོང་བའི་རྩྭ་ཐང་དང་འདམ་ར་བཅས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ་12.3ཟིན་པ་བྱེད་དགོས།
2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱེད་དགོས། བདེ་ཐང་བོད་ལྗོངས་2030ལོའི་འཆར་འགོད་རྩ་གནད་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ནད་གཞི་ཚབས་ཆེའི་རིགས་རང་སྐྱོང་ལྗོངས་ནས་ཕྱིར་འགྲོ་མི་དགོས་པ་དང་། ནད་གཞི་འབྲིང་ཙམ་རིགས་གྲོང་ཁྱེར་ནས་ཕྱིར་འགྲོ་མི་དགོས་པ། ནད་གཞི་ཆུང་བའི་རིགས་རྫོང་ནས་ཕྱིར་འགྲོ་མི་དགོས་པ་བཅས་ཀྱིས་གཞི་རྩའི་ཆར་སྨན་བཅོས་བྱེད་ཐུབ་པ་དང་། 2020ལོར་སླེབས་སྐབས་མི་རེའི་ཆ་སྙོམས་རེ་བའི་ཚེ་ཚད་ལོ་70ཟིན་པ་བྱེད་དགོས་པ། ལྟ་སྡོམ་ལམ་སྲོལ་བསྒྱུར་བཅོས་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ལྕེ་ཐོག་གི་བདེ་འཇགས་འགན་ལེན་བྱེད་དགོས།
ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་རིགས་བྱ་བར་ཁྲིམས་བཞིན་བཅོས་སྐྱོང་བྱས་ཐོག རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་ཧུར་ཐག་བཏོད་དེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བ་བྱེད་དགོས། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཁྲིད་སྟོན་བྱེད་པའི་ཐོག་ཤུགས་གང་ཆེ་བརྒྱབ་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་ཐད་ཕྱོགས་མཐའ་ཀུན་དང་ཆ་འཕྲིན་ཅན་གྱི་འགོག་ཟོན་བྱེད་པའི་མ་ལག་བཏོད་ནས་ཁ་ཕྲལ་དང་གཏོར་བཤིག་གི་བྱ་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་དགོས།
མཚོ་བོད་ལྕགས་ལམ་གྱི་གློག་རླངས་ཅན་དུ་བཟོ་བཅོས་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཐོག ཡུན་བོད་ལྕགས་ལམ་དང་། ཀྲུང་ནེ་ལྕགས་ལམ། ཤིན་བོད་ལྕགས་ལམ་བཅས་བཟོ་རྒྱུའི་སྔོན་གྲབས་ལས་དོན་སྤེལ་དགོས་པ། འཕྲིན་གཏོང་ཁེབས་མེད་པའི་ཁུལ་ལ་འཕྲིན་གཏོང་ཐུབ་པ་བཟོ་དགོས་པ། གྲོང་ཚོ་ཀུན་ལ་སྦྲག་སྲིད་ཁེབས་པ་བྱེད་དགོས་པ། ད་ཡོད་ཀྱི་ལམ་དྲ་དང་། གློག་དྲ། འཕྲིན་གཏོང་དྲ་རྒྱ། དངོས་ཟོག་འགྲེམས་ལམ་བཅས་རྒྱལ་མཚམས་ཕྱི་ཕྱོགས་སུ་བསྣུར་བསྲིང་བྱེད་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས།
ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཐོག བོད་གསར་རྙིང་བསྡུར་བའི་སློབ་གསོ་དང་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་པ་ལྔ”ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བ་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དར་སྤེལ་བཏང་སྟེ་ཡར་བརྩོན་སྐྱོན་བྲལ་གྱི་ཀུན་སྤྱོད་སྲོལ་བཟང་གཏོད་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་གྲངས་མཛོད་དང་སྲུང་སྐྱོབ་མིང་གཞུང་ཆ་ལག་ཚང་བ་བཟོས་ཏེ་ལམ་སྲོལ་དང་མ་ལག་ཆ་ཚང་པོ་ཞིག་ཆགས་པ་བྱེད་དགོས། ཕྱི་ཕྱོགས་སུ་རིག་གནས་དང་རིག་དངོས་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་དགོས།
མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་ལམ་དྲའི་སྟུག་ཚད་དང་ཤར་གཏོང་ཐུབ་ཚད་ཆེ་རུ་གཏོང་དགོས་ཤིང་། གཞིས་རྩེ་ནས་སྐྱིད་གྲོང་འགག་སྒོ་བར་གྱི་ལྕགས་ལམ་སྐྲུན་འགོ་འཛུགས་དགོས། མཐའ་མཚམས་ས་ཁུལ་གྱི་ཆུ་གློག་བརྟན་པོའི་ངང་གསར་སྤེལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་མི་ཚང་མས་གློག་སྤྱོད་ཐུབ་པ་བྱེད་དགོས། མཐའ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་མུ་མཐུད་མཐོ་རུ་གཏོང་དགོས། བོད་སྡོད་དཔུང་སྡེར་དམག་དོན་ལས་འགན་ཁག་ལེགས་སྒྲུབ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཐོག རྒྱལ་སྲུང་དང་བོད་སྡོད་དཔུང་སྡེ་དེང་རབས་ཅན་དུ་གོང་འཕེལ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་དཔུང་སྡེའི་དཔོན་དམག་གི་ཕུགས་ཀྱི་སེམས་ཁྲལ་མེད་པ་བཟོ་དགོས།
སློབ་གྲྭའི་ཁྱབ་བཀོད་སྔར་བས་ལེགས་སྒྱུར་བྱས་ཐོག དགེ་རྒན་དང་སློབ་གསོ་དར་རྒྱས་གཏོང་བའི་བྱ་སྤྱོད་འཆར་གཞི་དང་སློབ་གསོ་གོང་མཐོར་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ལས་རིགས་སློབ་གསོ་དང་སྦྱོང་བརྡར་མ་ལག་འཐུས་ཚང་བཟོ་བ། མཐོ་རིམ་སློབ་གསོ་ནང་སྐྱེས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། རྒྱུན་མཐུད་སློབ་གསོ་དང་ཚེ་གང་སློབ་གསོ་སྤེལ་རྒྱུ་འཐུས་ཚང་བཟོ་བ། དམིགས་བསལ་སློབ་གསོ་ཡག་པོ་གཉེར་བ་བཅས་བྱེད་དགོས།
ས་མཐོའི་སྐྱེ་དངོས་ལོ་ཏོག་ཞིབ་ལས་བཟོ་སྣོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་སྨན་ཐོན་ལས་སྟོབས་ཆེ་དང་ལེགས་ཆ་ལྡན་པ། ས་མཐོའི་སྐྱེ་དངོས་ཀྱི་ཐོན་ལས་གྲགས་རྟགས་བཟོ་འདོན་བྱས་ཏེ་2022ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་300ཡན་ཟིན་པ་བྱས་ཏེ་ས་མཐོའི་བདེ་ཐང་སྐྱེ་དངོས་ཐོན་རྫས་དེ་བས་མང་བ་བཟོ་འདོན་བྱེད་དགོས། 2022ལོར་ཡུལ་སྐོར་བ་སྤྱིའི་མི་ཐེངས་ཁྲི་7000ཡན་ཟིན་ཐུབ་པ་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་མི་དམངས་ཕྱུག་པོ་ཆགས་པ་བྱེད་དགོས། 2022ལོར་སླེབས་སྐབས་ནུས་རྒྱུའི་ཐད་མ་འཇོག་སྒོར་དུང་ཕྱུར་2500ཡན་ཟིན་ཐུབ་པ་དང་། གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་600ཡན་ཟིན་པ་བྱེད་དགོས། 2022ལོར་སླེབས་སྐབས་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་500ཡན་ཟིན་པ་བྱེད་དགོས། 2022ལོར་སླེབས་སྐབས་མཐོ་གསར་གྲངས་འཛིན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་300ཡན་ཟིན་པ་བྱེད་དགོས།
ཀྲུང་དབྱང་ནས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་ངང་ལག་བསྟར་གང་ལེགས་བྱས་ཏེ། སྤྱི་དབང་མིན་པའི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཐོག ཆེད་ལས་ཅན་གྱི་མཉམ་ལས་བྱེད་པའི་ཆུ་ཚད་དང་སྒྲིག་འཛུགས་ཅན་དུ་གྱུར་ཚད་མཐོ་རུ་གཏོང་རོགས་བྱེད་དགོས། ཁྲོམ་ར་ཡོངས་བསྒྲགས་དྲང་གཞག་ཡོང་བར་སྐུལ་འདེད་བཏང་སྟེ་ཚོང་འགུགས་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་ཟམ་མི་ཆད་པ་གཏོང་དགོས། ཉེ་འཁོར་ཞིང་ལྗོངས་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དང་དཔལ་འབྱོར་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱུད་གཅིག་ལམ་གཅིག”ཁྲོད་འདྲེས་ཞུགས་ཧུར་ཐག་བྱས་ཐོག བྷང་ཀྲུང་ཧིན་འབར་དཔལ་འབྱོར་ཁྱམས་རིང་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ཨེ་ཤ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་ཤར་གཏོང་གཏོང་ཐུབ་པ་བྱེད་དགོས།
རྣམ་གསར་ལས་རིགས་ཀྱི་ཞིང་པ་གསོ་སྐྱོང་དང་ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རྣམས་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཉེ་ས་ཉེ་འཁོར་དུ་ལས་ཞུགས་ལས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། ལྷ་སས་ལྟེ་བ་བྱས་ཤིང་། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ། ནག་ཆུ་བཅས་ལ་ཁྱབ་འགྱེད་ཐུབ་པའི་ཆུ་ཚོད་3གྱི་བོད་དབུས་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཆབ་མདོ་དང་མངའ་རིས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
འགན་འཁྲིའི་རྩོམ་སྒྲིག བསོད་ནམས་དོན་འགྲུབ།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།