འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་རྒྱུན་ཨུད། དྲིལ་བསྒྲགས་པུའུ་ཀྲང་གཡན་ཧུང་དང་གྲོང་སྤྱི་གཞོན་པ་མའུ་ཡུང་ཝེན་རྣམ་གཉིས་ཡར་ཀླུང་ཟློས་གར་ཁང་དུ་ཕེབས་ཏེ། ངེད་གྲོང་ཁྱེར་གྱི་20185ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་དགོང་ཚོགས་ཀྱི་འཁྲབ་སྟོན་ལེ་ཚན་ལ་ཞིབ་བཤེར་གནང་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན། འདིལོའི་ངེད་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་དགོང་ཚོགས་ཀྱིས་དུས་རབས་གསར་པ་དང་འཐབ་ལམ་གསར་པ་ཞེས་པའི་བརྗོད་དོན་ལ་དམ་པོར་དམིགས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དྲིལ་བསྒྲགས་སློབ་སྦྱོང་གཙོ་ཐིག་ཏུ་བཟུང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་མང་ཚོགས་ལ་སྤྲིངས་པའི་ཡིག་ལན་དགོངས་དོན་སློབ་སྦྱོང་ལག་བསྟར་གལ་ཆེན་ནང་དོན་དུ་བྱས་ཤིང་། ཕྱོགས་ཡོངས་ནས2017ལོའི་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་དང་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་2018ལོར་ཕྱོགས་པའི་རེ་སྨོན་བཟང་པོ་མངོན་མཚོན་བྱས་ཡོད་པ་རེད། ད་ཐེངས་ཀྱི་དགོང་ཚོགས་ནང་གླུ་གཞས་དང་། ཞབས་བྲོ། གཏམ་བརྗོད་ཟློས་གར། འཁྲབ་ཚན་ཐུང་ཐུང་བཅས་འཁྲབ་ཚན་13ཙམ་གསར་གཏོད་བྱས་ཡོད་པ་མ་ཟད། དམངས་ཁྲོད་ཀྱི་སྲོལ་རྒྱུན་ལེ་ཚན་2བཀོད་སྒྲིག་བྱས་ཡོད་པ་རེད། དགོང་ཚོགས་ཀྱི་ནང་ཞུགས་མཁན་གྱི་འཁྲབ་སྟོན་པ་ཡོངས་རྫོགས་གྲོང་ཁྱེར་སྒྱུ་རྩལ་ཚོགས་པ་དང་། དེ་མིན་ཟངས་རི་དང་། རྒྱ་ཚྭ། གྲ་ནང་བཅས་རྫོང་གསུམ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་བསྐོང་པ་རེད།
འཁྲབ་སྟོན་ནང་སྦྱོང་ཁྲོད། འཁྲབ་སྟོན་པ་མི་རེ་ངོ་རེས་སོ་སོའི་སེམས་ནུས་ཡོད་རྒུ་ད་ཐེངས་ཀྱི་འཁྲབ་སྟོན་ནང་བཞག་སྟེ། འཁྲབ་སྟོན་གྱི་སྟངས་སྟབས་དང་ཉམས་འགྱུར་སོགས་ལ་ནན་ཏན་སྦྱོང་བརྡར་བྱས་པས་དགོང་ཚོགས་འཁྲབ་སྟོན་གྱིས་མི་སེམས་འགུལ་བ་དང་དུང་སེམས་མཉམ་སྐྱེའི་ཁྱད་ཆོས་ཀྱིས་ཕྱུག་པར་བྱས་ཡོད།
འཁྲབ་སྟོན་གྱི་ནང་སྦྱོང་ཆ་ཚང་ལ་མཇུག་སྒྲིལ་རྗེས། གཡན་ཧུང་གིས་དགོང་ཚོགས་ཀྱི་ནང་སྦྱོང་གི་རྣམ་པ་དང་ཆུ་ཚད་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས། རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཕན་ཚུན་གཅིག་གྱུར་ཡོང་བའི་མངོན་འགྱུར་ལ་བརྩོན་ལེན་བྱེད་དགོས་པ་དང་། ཁྱད་ཆོས་འབུར་ཐོན་བྱས་ཏེ་ས་ཁོངས་ཀྱི་ཁྱད་གཤིས་དང་མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཁྱད་ཆོས་བཅས་མངོན་མཚོན་བྱས་ཐོག་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཐོན་རྫས་རྩེ་གྲ་གཏོད་ནས་མང་ཚོགས་རང་བཞིན་དང་། སྤྲོ་འཕེལ་རང་བཞིན། རོལ་རྩེད་རང་བཞིན་བཅས་ཕན་ཚུན་གཅིག་གྱུར་ཡོང་ཐབས་བྱེད་དགོས་པ། འཁྲབ་སྟོན་པ་ཚོས་བཟོ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཞིབ་ཆར་དོ་སྣང་བྱས་ཐོག་འཁྲབ་སྟོན་གྱི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཞིབ་ཆ་ལྡན་པ་དང་གཏིང་ཟབ་ཅན་ཏུ་བཅོས་ཏེ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་པ། འབྲེལ་ཡོད་ཚན་པས་གཅིག་གྱུར་བཀོད་སྒྲིག་སྒོ་ནས་འབྲེལ་མཐུད་དང་ཁག་བགོས་ལེགས་པར་ཡོང་རྒྱུར་འགན་འཁུར་ཏེ་ནུས་ཤུགས་ཡོད་རྒུས་དགོང་ཚོགས་ཐུགས་གྲ་འགྲིག་པོས་གཉེར་རྒྱུར་འགན་སྲུང་ཏན་ཏིག་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་བཤམས་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
མའུ་ཡུང་ཝེན་གྱིས་དགོང་ཚོགས་ནང་སྦྱོང་གི་གནས་ཚུལ་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། དགོང་ཚོགས་འཁྲབ་སྟོན་གྱི་གཙོ་ཁྲིད་མི་སྣར་མུ་མཐུད་ནས་ནང་དོན་ཐད་གོང་འབྲེལ་འོག་མཐུད་དང་། ཞིབ་ཆ་ལྡན་པར་ཡོང་རྒྱུ་དོ་ཁུར། ཡག་ཐོག་ཡག་བརྩེགས་ལ་ཡོང་རྒྱུར་བརྩོན་ལེན་བཅས་ཡོང་རྒྱུའི་ཐུགས་རེ་གནང་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ངེད་གྲོང་ཁྱེར་གྱི་2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱིབརྙན་འཕྲིན་དགོང་ཚོགས་སུ་ད་དུང་ཀྲུང་གོའི་མི་བཟང་དང་། ལྷོ་ཁ་སེམས་འགུལ་ཐེབས་པའི་མི་སྣ་ཆེ་གྲས་བཅུ། ཀུན་སྤྱོད་བཟང་བའི་གཞོན་ནུ་ལོ་ཆུང་། དེ་བཞིན་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་སོགས་གཞི་རིམ་གྱི་ལས་སྒྲུབ་མི་སྣ་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་ཞུགས་རྒྱུ་ཡིན་པ་རེད།
བདེ་སྐྱིད་དཔལ་སྒྲོན་གྱིས་བསྒྱུར།