ཞིང་ལས་མདུན་ལམ་ཡོད་པའི་ཐོན་ལས་དང་། ཞིང་འབྲོག་པ་ཡིད་དབང་འཕྲོག་པའི་ལས་རིགས། གྲོང་གསེབ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞི་བཅས་སུ་འགྱུར་བ་བྱེད་དགོས”ཞེས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་པ་དུང་ཕྱུར་མང་པོའི་བདེ་རྩར་དམིགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་སྐྱོད་པའི་ལས་འགན་གལ་ཆེན་ཁ་གསལ་བཏོན་གནང་བ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ལ་ཕྱོགས་ཁག་བདུན་ནས་བཀོད་སྒྲིག་གལ་ཆེན་གནང་སྟེ་ཞིང་པ་དུང་ཕྱུར་མང་པོའི་ཆེད་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དེང་རབས་འཆར་གཞི་བཀོད་གནང་ཡོད། འདི་ནི་གྲོང་གསེབ་དར་རྒྱས་གཏོང་བའི་སྤྱིའི་རྩ་འཛིན་ཞིག་དང་། དུས་རབས་གསར་པར“ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་པའི་ལམ་སྟོན་རི་མོ་ཞིག་རེད།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའིའགག་རྩ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུར་བསྐྱོད་རྒྱུ་དེ་ཡིན། དེས་ན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་གནང་བའི་སྤྱིའི་བླང་བྱར་གཞིགས་ནས་ཐོན་ལས་དར་རྒྱས་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྣོད་བཅུད་འཕྲོད་སྦྱོར་ཡོང་རྒྱུ་འགག་རྩར་འཛིན་པ། ཡུལ་སྲོལ་ཡ་རབས་ལྡན་རྒྱུ་འགན་ལེན་དུ་བྱེད་པ། བཅོས་སྐྱོང་ནུས་ལྡན་བྱ་རྒྱུ་རྨང་གཞིར་བྱེད་པ། འཚོ་བ་འབྱོར་ཕྱུག་ཡོང་རྒྱུ་རྩ་བར་འཛིན་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་ལམ་སྲོལ་དང་སྲིད་ཇུས་ཀྱི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ང་ཚོས་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་དེང་རབས་ཅན་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཞིག་ལ་བརྩིས་ནས“རྒྱལ་ཁབ་ཆེ་བ་དང་ཞིང་ལས་གཞི་ཁྱོན་ཆུང་བའི”གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ལས་ཀྱི་གནད་ཚུལ་ལ་དམིགས་ནས་ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་། གྲོང་གསེབ་ཕྱོགས་ཡོངས་ནས་ཡར་ཐོན། ཞིང་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱས་ནས་ཞིང་པ་དུང་ཕྱུར་མང་པོར་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུར་ཇི་ལྟར་སྐྱོད་དགོས་སམ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཞིབ་ཕྲའི་བཀོད་སྒྲིག་ལ་གཞིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་སླར་ཡང་ཡག་པོ་འཛུགས་པ་དང་། བཟོ་ལས་ཀྱིས་ཞིང་ལས་ལ་རོགས་སྣོན་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བཟོ་ཞིང་ཕན་ཚུན་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས་བྱེད་པ། ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ། ཐུན་མོང་ཐོག་དར་རྒྱས་གཏོང་བ་བཅས་ཀྱི་བཟོ་ལས་དང་། ཞིང་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་གང་མགྱོགས་ཆགས་པ་བྱེད་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་དུད་ཆུང་ངུ་དང་དེང་རབས་ཞིང་ལས་འཕེལ་རྒྱས་སྦྲེལ་མཐུད་དམ་ཟབ་བྱེད་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཞིང་ལས་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་སྟོབས་འབྱོར་རྒྱལ་ཁབ་ལ་འགྱུར་བ་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཡག་པོ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འདེགས་སྐྱོར་གྱི་གནས་ཤིག་ཏུ་འགྱུར་བ་བྱེད་པ། སོ་ནམ་ཤེས་དཔལ་རྒྱུན་འཛིན་དང་། འཕེལ་རྒྱས། གོང་མཐོར་བཅས་བཏང་ནས་ཤེས་དཔལ་ལྡན་པའི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། གཞུང་དྲང་བབ་ཆགས་ཀྱི་དམངས་སྲོལ་ཆགས་པ་བཅས་བྱས་ནས་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ། གྲོང་གསེབ་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་ཁུར། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། མང་ཚོགས་ཞུགས་པ། ཁྲིམས་སྐྱོང་གིས་འགན་ལེན་བཅས་བྱེད་པའི་དེང་རབས་གྲོང་གསེབ་སྤྱི་ཚོགས་ཀྱི་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་དབུལ་སྒྲོལ་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་ཨང་དང་པོར་བཞག་སྟེ་མི་འབོར་དབུལ་པོའི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་པ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རྩ་བའི་བྱ་ཐབས་ཤིག་ལ་བརྩི་བ་བཅས་བྱེད་དགོས། ཞིབ་ཕྲའི་བཀོད་སྒྲིག་དེ་དག་དོན་འཁྱོལ་ཐུབ་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཤུགས་ཆེའི་སྐུལ་འདེད་ནུས་པ་འཕེལ་ཐུབ།
གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ནི་རང་རེའི་ཏང་གི“ཞིང་གསུམ”ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། ཞིང་འབྲོག་པ་དུང་ཕྱུར་མང་པོའི་རེ་སྒུག་ཆེན་པོ་ཡང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཡག་པོ་བསྐྱོད་ཚེ་ང་ཚོས་ཞིང་ལས་སྟོབས་ཆེ་དང་། གྲོང་གསེབ་མཛེས་སྡུག ཞིང་འབྲོག་པ་ཕྱུག་པོ་བཅས་ཡོང་བ་བྱས་ནས་ཞིང་འབྲོག་པ་དུང་ཕྱུར་མང་པོར་བདེ་སྐྱིད་བསྐྲུན་པའི་ལས་འགན་གལ་ཆེན་ཕྲག་ཐོག་ཏུ་ཡག་པོ་འཁུར་ཐུབ།