第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2017年10月11日 星期
3 上一篇  下一篇 4 放大 缩小 默认
བཟོ་གྲྭ་ཆུང་ཆུང་ཡིན་ཀྱང་དམངས་ལ་ཡོང་འབབ་མང་པོ་བསྟེར།
 

(པར་ངོས་དང་པོར་མཐུད) ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་མྱུར་པོ་གཏོང་བའི་རྒྱབ་ལྗོངས་ཆེན་མོའི་འོག་སྣ་དཀར་རྩེ་རྫོང་གིས་འགྲིམ་འགྲུལ་གཞུང་ལམ་གཙོ་གནད་ཁུལ་གྱི་མང་ཚོགས་ཀྱིས་ཡར་འབྲོག་གཡུ་མཚོའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་གསར་སྤེལ་བརྒྱུད་དེ་ཁུལ་དུ་སྤྲོ་སྐྱིད་གཏོང་ས་དང་། ཞག་སྡོད་མགྲོན་ཁང་། འགྲུལ་སྐྱེལ་སོགས་ལས་རིགས་མང་པོ་གོང་འཕེལ་མྱུར་པོ་བཏང་སྟབས་མང་ཚོགས་མི་ཉུང་བས་ཡུལ་སྐོར་ལ་བརྟེན་ནས་འཚོ་ཐབས་གསར་པ་ཞིག་བྱུང་བ་རེད།

ཡར་འབྲོག་གཡུ་མཚོ་དང་མི་རིང་བར་གནས་པའི་གྲམ་མདའ་ཤང་རྩ་ཡུལ་གྲོང་ཚོ་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་120ལྷག་ཡོད་ཅིང་། བར་ལ་རི་དང་རི་རབ་མང་པོས་འཛོལ་རྐྱེན་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཡུལ་སྐོར་བ་ཡོང་མཁན་དཀོན་པས་ཡུལ་སྐོར་ལས་རིགས་ཀྱི་ཕན་འབྲས་ཐོན་མེད།

རྩ་ཡུལ་གྲོང་ཚོ་ཡོངས་ལ་ཁྱིམ་དུད་190དང་མི་འབོར་1047ཡོད་པའི་ནང་དབུལ་ཕོངས་ཁྱིམ་དུད་38དང་དབུལ་པོ་མི་གྲངས་157ཡོད། མི་མང་ཆེ་བས་འཚོ་བ་འཁྱོལ་ཐབས་ཁོ་ན་ལས་ཐབས་གཞན་མེད་པར་སྡོད་ཀྱི་ཡོད་ཅིང་། གྲོང་ཚོའི་ནང་གི་ན་གཞོན་ཚོ་ནི་ཕྱི་ལ་ཡོང་འབབ་གསོག་པར་བསྐྱོད་དགོས་ཀྱི་ཡོད་པ་རེད།

གནས་བབ་དེ་ལྟ་བུ་མཐོང་རྗེས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དཔུང་ཁག་ཚན་པས་གྲོང་ཚོའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་དང་ལས་ཞུགས་ཀྱི་སྟེགས་བུ་ཞིག་གཏོད་དེ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུར་རོགས་རམ་ཐུབ་པའི་ཐབས་ལམ་རྒྱུན་དུ་མནོ་བསམ་བྱེད་མྱོང་། འདི་འདྲ་བྱུང་ཙ་ན། གྲོང་མི་ཚོས་ཕྱི་ལ་གླ་པ་བྱེད་པར་བསྐྱོད་མི་དགོས་པར་རང་གི་སྒོ་འགྲམ་དུ་ལས་ཞུགས་ཐུབ་བམ།

འོན་ཀྱང་། དེ་འདྲ་ནི་ལས་སླ་མོ་ཞིག་ག་ནས་ཡིན། གཅིག་ནས་གྲོང་ཚོའི་དངོས་ཡོད་གནས་ཚུལ་དང་འཚམ་པ་དང་། གཉིས་ནས་ཁྲོམ་རའི་དགོས་མཁོའི་གནས་ཚུལ་དང་བསྟུན་པ། གསུམ་ནས་ད་དུང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་སོགས་དགོས།

ང་ཚོའི་འདི་གར་ལྟ་རྒྱུ་གཞན་མེད། ཡོད་པ་ནི་འཚེམ་བཟོ་བ་རེད་ཅེས་རྩ་ཡུལ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལྷ་མོ་ཚེ་རིང་གིས་གསར་འགོད་པར་བཤད།

ཤེས་རྟོགས་བྱས་པར་གཞིགས་ན། རྩ་ཡུལ་གྲོང་ཚོར་འཚེམ་བཟོ་བ་བྱེད་མྱོང་བ་ཁོ་ན་མི་གྲངས་180ལྷག་ཡོད་ཅིང་། ཁྱིམ་དུད་ཚང་མར་འཐག་ལས་ཀྱི་རྒྱུན་བསྐྱངས་བཞིན་ཡོད་པ་མ་ཟད་ཕྱི་ལ་ཡོང་འབབ་གསོག་པར་བསྐྱོད་མཁན་མང་ཆེ་བས་ཕྱི་ལ་འཚེམ་བཟོ་བྱས་ནས་ཡོང་སྒོ་འཚོལ་བ་རྐྱང་རྐྱང་ཡིན་པར་བརྟེན། ཁོང་ཚོས་ལོ་ལྟར་ཕྱི་ལ་འཚེམ་བཟོ་བརྒྱུད་ཐོན་རྫས་ཀྱི་ལས་སྣོན་དང་ཁྲོམ་རའི་དགོས་མཁོ་སོགས་ཀྱི་གནས་ཚུལ་རྒྱུས་མངའ་ལྡན་པ་ཤ་སྟག་ཡིན་པ་རེད།

འདི་ནི་ལེགས་ཆའི་ཐོན་ཁུངས་ཤིག་རེད། གྲོང་ཚོའི་ནང་གྱོན་གོས་བཟོ་གྲྭ་ཞིག་གཉེར་ཏེ་མང་ཚོགས་ཚོས་རང་གི་སྒོ་འགྲམ་ནས་ལས་ཞུགས་ཐུབ་པ་བྱེད་དགོས་ཞེས་པ་དེ་ནི་དཔྱད་ཞིབ་ཡུན་རིང་བྱས་ནས་བྱུང་བའི་ཐོག་མའི་བསམ་འདུན་དེ་རེད།

གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚོས་བསམ་འདུན་དེ་གྲོང་མི་ཚོར་བཤད་མ་ཐག་གྲོང་མི་ཚང་མས་བསམ་འདུན་དེར་རྒྱབ་སྐྱོར་ཆེན་པོ་ཐོབ་པས་མགྱོགས་མྱུར་བཟོ་གྲྭ་གཉེར་འགོ་ཚུགས་པ་རེད།

བཟོ་གྲྭ་ཆུང་ཆུང་གི་འཕེལ་རྒྱས་ལམ་བུ་ཡངས་པ།

ཟླ་བ་ནོར་བུ་ལགས་ནི་ད་ལྟ་རྩ་ཡུལ་གྲོང་ཚོའི་ཀྲུའུ་རེན་ཡིན་ཞིང་། མང་ཚོགས་འདེམས་བསྐོ་བརྒྱུད་མང་པོས་ཆ་བཞག་ས་ཡིན་པའི་ཁོང་སྣ་དཀར་རྩེ་རྩ་ཡུལ་གྱོན་གོས་ལས་སྣོན་ཚད་ཡོད་ཀུང་སིའི་ཅིང་ལི་ཨང་དང་པོར་གྱུར་ཡོད་པ་རེད།

ཁོང་གིས་གསར་འགོད་པར་བཤད་དོན། དང་ཐོག་མར་ང་ཚོས་གྱོན་གོས་བཟོ་གྲྭ་དེའི་མིང་ཡར་འབྲོག་མ་འཇོག་ཀུང་སིའི་འོག་ཏུ་བཅུག་ནས་ཀུང་སི་ཐོ་འགོད་བྱས་པས་རྗེས་སོར་གྱི་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་བརྗོད།

ཚད་ལྡན་གྱི་བཟོ་ཁང་མེད་རྐྱེན་གྲོང་ཚོའི་མང་ཚོགས་ཀྱི་ཁང་པ་སྟོང་པ་གཅིག་བོགས་གླ་བླངས་ཀྱང་རྒྱ་ཆེན་པོ་མེད་པ་རེད། དེའི་ནང་ཟླ་བ་ནོར་བུས་ལས་བཟོ་པ་མི་གྲངས་23ཁྲིད་དེ་ཁོང་ཚོའི་ལས་གཏོད་ཀྱི་ལམ་དུ་ཞུགས་ཤིང་། ཧ་ཅང་དགའ་འོས་པ་ཞིག་ནི་ཁོང་ཚོའི་རྣམ་གྲངས་འཛུགས་སྐྱོང་ལ་སྣ་དཀར་རྩེ་རྫོང་གི་དབུ་ཁྲིད་དང་འབྲེལ་ཡོད་ཚན་པའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་རེད།

རྣམ་གྲངས་འདིར་འཆར་གཞི་ལྟར་ན་སྤྱིའི་མ་འཇོག་སྒོར་ཁྲི་1270ཡོད་ཅིང་། མིག་སྔར་སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་166.18བཏང་སྟེ་སྒྲིག་ཆས་མཁོ་སྒྲུབ་དང་། གོས་རྒྱུ་མངགས་ཉོ། ལས་བཟོ་པར་གསོ་སྦྱོང་སོགས་སུ་སྤྱད་ཡོད་ཅེས་སྣ་དཀར་རྩེ་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ། གྲམ་མདའ་ཤང་ཏང་ཨུད་ཧྲུའུ་ཅི་ཀྲང་ཟོའོ་ཕིང་གིས་ངོ་སྤྲོད་དང་སྦྲགས་བརྗོད།

འདི་ལོའི་ཟླ་6པའི་ཚེས་10ཉིན། རྩ་ཡུལ་གྱོན་གོས་ལས་སྣོན་ཚད་ཡོད་ཀུང་སི་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལས་འགོ་ཚུགས་མ་ཐག་ཏུ་མངགས་ཉོ་བྱེད་མཁན་མི་ཉུང་བ་ཡོད་པ་རེད།

ད་ཆ། ཉེ་འགྲམ་སློབ་གྲྭ་ནས་སློབ་གོས་ཆ་ཚང་བ་གྲངས་འབོར་5600མངགས་བཟོ་བྱས་ཡོད་སྟབས་ལས་བཟོ་པ་ཚོའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་འདུག ལས་འགོ་ཚུགས་ནས་ད་བར་སློབ་གོས་ཆ་ཚང་བ་གྲངས་འབོར་3000ལྷག་ཐོན་སྐྱེད་བྱས་ཟིན་ཅིང་། སློབ་གོས་ཆ་ཚང་བ་རེར་མ་གནས་སྒོར་120སྤྲོད་རྒྱུར་གཏན་འཁེལ་བྱུང་བ་དང་སྤུས་ཚད་ཐད་ཞུ་དགོས་ཡས་མེད་ཅེས་ལྷ་མོ་ཚེ་རིང་གིས་བཤད།

ད་ལྟ། ཡུལ་སྐོར་འཆར་འགོད་ཀྱི་རྣམ་གྲངས་གཅིག་མཇུག་གཉིས་མཐུད་ངང་འཛུགས་སྐྲུན་དང་བསྟུན་རྩ་ཡུལ་ནས་གནམ་ཐང་བར་གྱི་གཞུང་ལམ་ཡང་འཛུགས་སྐྲུན་སྒང་ཡིན་པས་གྱོན་གོས་བཟོ་གྲྭའི་མདུན་ལམ་ཧ་ཅང་ཡངས་པོ་ཡོད་པ་རེད།

གཞུང་ལམ་ཤར་གཏོང་ཐུབ་རྗེས། ང་ཚོས་ཐོན་སྐྱེད་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཐོག་ལྷ་སའི་ཐོན་ཁུངས་དག་སྤྱད་ནས་མངགས་ཉོ་གཞིར་བཟུང་ལས་སྣོན་སྤུས་དག་བྱས་ཏེ་ཡུལ་སྐོར་གྱི་ཐོན་རྫས་མང་ཙམ་ཐོན་སྐྱེད་བྱ་རྒྱུ་དང་དུས་མཚུངས་རྫོང་ཁག་གི་དམངས་སྲིད་གེགས་སེལ་གྱི་དངོས་ཟོག་མངགས་བཟོ་བྱ་རྒྱུ་འགན་གཙང་ལེན་རྒྱུ་ཡིན་ཞེས་གོམ་སྟབས་རྗེས་མའི་འཕེལ་ཕྱོགས་སྐོར་ལ་ཟླ་བ་ནོར་བུས་ཡིད་ཆེས་ཆེན་པོས་བརྗོད།

སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་དགའ་བསུ་ཆེན་པོ་ཐོབ་པ།

ད་ཆ། ཉེ་འཁོར་གྱི་ཤང་གྲོང་རྡལ་ཚང་མས་ང་ཚོའི་གྱོན་གོས་བཟོ་གྲྭ་གཞིར་འཛིན་ནས་ལས་སྣོན་ས་ཚིགས་འཛུགས་རྒྱུའི་འདུན་པ་བཅངས་བཞིན་འདུག་ཅེས་ཀྲང་ཟོའོ་ཕིང་གིས་བཤད།

མ་གཞི་བྱས་ན་བཟོ་གྲྭ་ཆུང་ཆུང་དེ་བཙུགས་ཚར་བ་ཙམ་ཡིན་རུང་། དེས་གཞན་ལ་ཤུགས་རྐྱེན་སྤྲོད་ཤུགས་ནི་མི་ཚོའི་བསམ་ཡུལ་ལས་འདས་སོང་།

དེའང་། ཆེས་གལ་འགངས་ཆེ་སར་ཐུག་པ་གཅིག་ནི་བཟོ་གྲྭ་ཆུང་ཆུང་དེས་གྲོང་ཚོའི་ནང་གི་དབུལ་ཕོངས་མང་ཚོགས་ཚོར་ཁྱིམ་ནས་ཁ་བྲལ་མི་དགོས་པར་སྒོ་འགྲམ་ནས་ལས་ཞུགས་ཐུབ་པའི་གོ་སྐབས་སྤྲད་དེ་དབུལ་ཕོངས་ཁྱིམ་དུད་ཚོར་ཡོང་སྒོ་བརྟན་པོས་དབུལ་སྒྲོལ་བྱེད་པའི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་པས་ཡིན་པ་རེད།

ད་ཆ། བཟོ་གྲྭའི་ནང་གི་ལས་བཟོ་པ་ཁྱོན་23ཡོད་པར་མི་རེར་ཟླ་རེར་གླ་ཆ་སྒོར་1000ལེན་ཐུབ་པའི་རྨང་གཞིའི་སྟེང་གྱོན་གོས་ལས་སྣོན་གྲངས་འབོར་ལ་གཞིགས་ནས་སྐུལ་ལྕག་བྱ་དགའི་དངུལ་ལེན་རྒྱུ་ཡོད་པས་ཡོང་སྒོ་མི་ཉུང་བ་ཞིག་བབས་ཀྱི་ཡོད་པ་རེད།

འཚེམ་བཟོ་བ་ཉི་མ་བཀྲ་ཤིས་ཀྱི་ཁྱིམ་ལ་ཁྱོན་ནང་མི་4ཡོད་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་དུད་ཁོངས་ཡིན་པ་དང་དེ་སྔོན་ཁོ་པས་ཕྱི་ལ་ཡོང་འབབ་གསོག་པར་བསྐྱོད་ཀྱི་ཡོད་པ་རེད། ཁོ་པས་གསར་འགོད་པར་ཕྱི་ལ་ཡོང་འབབ་གསོག་པར་ཕྱིན་ན་མ་གཞི་ཡོང་འབབ་ཡག་པོ་འདུག་ཀྱང་། འགྲོ་སོང་ཕར་ཕུད་ན་ལོ་གཅིག་ལ་དངུལ་དམར་སྒོར་5000ཡས་མས་ལས་མིན་འདུག ད་ཆ་བཟོ་གྲྭའི་ནང་ལས་ཀར་ཕྱིན་ན་འགྲོ་སོང་ཡང་དེ་ཙམ་མེད་པའི་ཁར་ཁྱིམ་ལས་ཙག་ཙིག་བྱ་རྒྱུ་ཡང་མི་འཕྱུགས་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།

ཡེ་ཤེས་འཕྲིན་ལས་ནི་བཟོ་གྲྭའི་འཚེམ་བཟོ་པ་ཞིག་ཡིན་ལ་དོ་དམ་མི་སྣ་ཞིག་ཀྱང་རེད། ཁོ་པས་བཤད་དོན། དེ་སྔོན་ལྷ་སར་བོད་ཆས་འཚེམ་བཟོ་བྱས་ན་ཟླ་རེར་དངུལ་སྒོར་3000ལྷག་ཙམ་ཡོད། ད་ཆ་བཟོ་གྲྭའི་ནང་ལས་ཀ་བྱས་ན་ཟླ་རེར་དངུལ་སྒོར་4000ལྷག་ཙམ་ལེན་རྒྱུ་འདུག ད་ཕྱི་ལ་ཡོང་འབབ་གསོག་པར་འགྲོ་སྙིང་མི་འདོད་ཅེས་བཤད།

རེད་ཨང་། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ན་སུས་ཕ་ཡུལ་བཞག་ནས་གཞན་ཡུལ་དུ་འགྲོ་འདོད་བྱེད་དམ།

ད་ལྟའི་ཆར། བཟོ་གྲྭར་མངགས་ཉོ་བྱས་པའི་ཐོན་རྫས་དག་སྣེ་ཁ་དེ་ཙམ་འཛོམས་པོ་མེད་པས་ཟླ་བ་ནོར་བུ་སོགས་ཀྱིས་ཐོན་རྫས་གསར་པ་ཐོན་སྐྱེད་བྱེད་རྒྱུར་མནོ་བསམ་བརྒྱུད་བོད་ཆས་དང་། ཞྭ་མོ། ལྷམ། ཁུར་མ་སོགས་ཐོན་སྐྱེད་གསར་པ་བྱས་པ་མ་ཟད། འདི་ལོའི་ལྷ་སའི་ཞོ་སྟོན་རིང་བཟོ་གྲྭས་ཐོན་སྐྱེད་བྱས་པའི་བོད་ཆས་ཀྱིས་ད་དུང་འགྲེམས་སྟོན་ནང་ཞུགས་ཐུབ་པ་བྱུང་བ་རེད།

ང་ཚོས་རྩལ་ནུས་ཡོད་རྒུ་བཏོན་ཏེ་བཟོ་གྲྭ་གཉེར་སྐྱོང་ཡག་པོ་བྱས་ཐོག་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་རུ་སོང་རྗེས་མང་ཚོགས་གང་མང་མང་ལས་ཞུགས་ཐུབ་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་ཟླ་བ་ནོར་བུས་གསར་འགོད་པར་བཤད།

མཐའ་འཁོར་གྱི་རི་གྲོང་དེར་གྱོན་གོས་ཀྱི་བཟོ་གྲྭ་ཆུང་ཆུང་ཞིག་གིས་རྐྱེན་པས་ཁུལ་དེའི་མི་དམངས་ཀྱི་བསམ་བློའི་ལྟ་བ་འགྱུར་ལྡོག་ཡོང་རྒྱུར་སྣེ་ཁྲིད་ཐུབ་པ་ཙམ་མ་ཟད་དཔལ་འབྱོར་འཛུགས་བསྐྲུན་ལ་གསོན་ཤུགས་སྔ་ན་མེད་པ་ཞིག་རྒྱས་སུ་བཅུག་ཡོད་པ་རེད།

རྩ་ཡུལ་ནས་གནམ་ཐང་བར་གྱི་གཞུང་ལམ་བསྐྲུན་ཚར་རྗེས་ང་ཚོས་ཡུལ་སྐོར་གསར་སྤེལ་གྱི་ལམ་དུ་ཞུགས་ནས་དབུལ་ཕོངས་ཀྱི་མང་ཚོགས་ལ་སྣེ་ཁྲིད་བརྒྱུད་དམངས་ཀྱི་སྒུག་བརྟེན་ལེན་གསུམ་གྱི་བསམ་བློ་འགྱུར་ལྡོག་བཏང་སྟེ་མི་སྔར་བས་མང་བ་དབུལ་སྒྲོལ་ཕྱུག་གྱུར་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ལྷ་མོ་ཚེ་རིང་གིས་བརྗོད་དོ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
རྒྱན་མཚན་གྱིས་ངེད་གྲོང་ཁྱེར་དུ་དགུན་ནས་ཨང་18 འདེབས་འཛུགས་གནས་ཚུལ་ལ་རྟོག་ཞིབ་གནང་བ།
བཟོ་གྲྭ་ཆུང་ཆུང་ཡིན་ཀྱང་དམངས་ལ་ཡོང་འབབ་མང་པོ་བསྟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་གཅེས་བཏུས།