བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་208ལྷག་ཙམ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པར་གཙོ་བོ་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྣོད་བཅུད་ལས་གནས་ཁ་གསབ་སོགས་ཁྱབ་ཁོངས་ནང་སྤྱད་པ་རེད། ནོར་སྲིད་མ་དངུལ་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་སྦྲགས་ཡུལ་དེས་འདི་ལོ་རྫོང་དང་ཆུས་དབུལ་པོ་25ཡི་དབུལ་ཞྭ་འབུད་རྒྱུ་དང་མི་ཁྲི་13ཙམ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད། 2016ལོ་ནས་2017ལོའི་བར་རང་སྐྱོང་ལྗོངས་དེ་ཡོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་208.3སྤྱི་འདོམས་བསྡུ་སྒྲིལ་བྱས་པའི་ནང་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་147.2བསྡུ་སྒྲིལ་བྱས་པར་བཟུང་ཚད་བརྒྱ་ཆ་70ལས་བརྒལ་ཡོད། “ཆུ་ཡུར་མང་པོ་ནས་ཆུ་འདྲེན་པ་དང་རང་འབབ་ཆུ་ཀ་ལ་གཅིག་ནས་ཆུ་གཏོང་བའི”དབུལ་སྐྱོར་མ་དངུལ་གཏོང་སྟངས་གསར་པ་མྱུར་དུ་གྲུབ་ཡོད་པ་རེད།
2016ལོ་ནས་བཟུང་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱ་བཏང་ནས་ལེགས་ལྡན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་དང་མིག་སྔའི་བར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1419ལག་ལེན་བསྟར་བའི་ནང་རྣམ་གྲངས་447ལེགས་གྲུབ་ཟིན་ཡོད། དེ་དང་ཆབས་ཅིག་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་དང་། གྲོང་གསེབ་ཀྱི་གཞུང་ལམ། ཐོན་སྐྱེད་སྒྲིག་བཀོད་ཆུང་གྲས་བཅས་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་73ཙམ་བཏང་ཡོད། གཞན་ཡང་ལྗོངས་ཡོངས་ཀྱིས་ལས་གནས་མང་དུ་གཏོང་བའི་བྱ་ཐབས་བརྒྱུད། ནགས་སྲུང་སོགས་སྣོད་བཅུད་སྲུང་སྐྱོང་ལས་གནས་ཁྲི་112མཁོ་འདོན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་33ལྷག་ཙམ་བཏང་བ་རེད།