(པར་ངོས་དང་པོར་མཐུད) བོད་ལྗོངས་འཛིན་གྲྭར་ཡིག་རྒྱུགས་འཕྲོད་པར་ཡིད་སྨོན་ཚད་མེད་བྱེད་ཀྱིན་འདུག ངའི་བསམ་བློར་ཡང་ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་པར་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། འོན་ཀྱང་སྐབས་དེ་དུས་ང་རང་རྒྱུན་གཏན་ཕ་མའི་འགྲམ་ནས་ཁ་བྲལ་མྱོང་མེད་ལ་ཐ་ན་རྩེད་ཐང་ནས་ཀྱང་ཁ་བྲལ་མྱོང་མེད། ནང་ས་ནི་དེ་བས་ག་ལ་རྒྱུས་ཡོད།
ནང་སར་དངོས་སུ་བསྐྱོད་པའི་ཉིན་དེར། ང་དང་སློབ་གྲོགས་ཚོས་འཚོ་བའི་དགེ་རྒན་གྱི་སྣེ་ཁྲིད་འོག་ཐེངས་དང་པོར་གནམ་གྲུར་བསྡད་རྒྱུ་བྱུང་། ནང་སར་སླེབས་དུས་ཧ་ལམ་འཇིག་རྟེན་གསར་པ་ཞིག་ལ་སླེབས་པ་ནང་བཞིན་ནང་སའི་ཡུལ་ལྗོངས་ལ་ཧ་ལས་ཧང་སང་བྱུང་།
སློབ་གྲྭའི་ནང་། བོད་ཡིག་སློབ་ཚན་མ་གཏོགས་གཞན་ཚང་མ་ས་གནས་དེ་གའི་དགེ་རྒན་གྱིས་སློབ་ཁྲིད་གནང་གི་འདུག ང་ཚོ་བོད་རིགས་སློབ་མ་ཚོའི་རྒྱ་ཡིག་གི་ཆུ་ཚད་ཞན་པས་རྒྱ་ཡིག་གི་རྨང་གཞི་ཡག་པོ་ཞིག་ཡོང་ཆེད་ང་ཚོས་ལོ་གཅིག་རིང་གྲ་སྒྲིག་འཛིན་གྲྭའི་ནང་སློབ་སྦྱོང་བྱས་ནས་བསྡད་པ་ཡིན།
སྐབས་དེ་དུས་ང་ཚོ་མང་ཆེ་བ་ལོ་ན་ཆུང་བའི་རྐྱེན་ཐ་ན་དགོང་མོ་ཉལ་དུས་མལ་ཆས་ཀྱང་ཡག་པོ་ཞིག་བཟོ་ཐུབ་ཀྱི་མིན་འདུག ང་ཚོའི་དགེ་རྒན་ཚོས་ང་ཚོར་སློབ་ཚན་སློབ་ཁྲིད་བྱ་དགོས་པ་མ་ཟད་ད་དུང་ཕ་མ་ནང་བཞིན་ང་ཚོའི་རྒྱུན་གཏན་འཚོ་བར་ཡང་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་པས་དགེ་རྒན་ཁོང་རྣམ་པ་དངོས་གནས་དཀའ་ལས་ཁག་པོ་རེད་འདུག
ནང་སའི་བོད་ལྗོངས་འཛིན་གྲྭར་སྲོལ་བཟང་ཞིག་ཡོད་པ་སྟེ། ལོ་རིམ་མཐོ་བའི་སློབ་མ་དང་ལོ་རིམ་དམའ་བའི་སློབ་མའི་བར་ཆ་སྒྲིག་རོགས་སྐྱོར་གྱི་ལུགས་སྲོལ་ཞིག་བཙུགས་ཡོད་པ་དེ་རེད། ལུགས་སྲོལ་དེས་ང་ཚོ་སློབ་མ་ཚོའི་སློབ་སྦྱོང་འཚོ་བ་ཐད་ཕན་ཚུན་རོགས་རེས་ཐུབ་པས་ཕན་མང་པོ་ཐོབ་ཅིང་ང་ཚོས་ད་ལྟ་ཡང་ལུགས་སྲོལ་དེ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ནང་སར་སློབ་སྦྱོང་དུས་ཡུན་ལོ་བདུན་བྱས་རྗེས་སློབ་གྲྭ་ཐོན་ནས་ཕ་ཡུལ་ལྷོ་ཁར་ལོག་རྒྱུ་བྱུང་ནས་ངའི་རེ་འདུན་ལྟར་སློབ་ཆུང་གི་དགེ་རྒན་ཞིག་བྱེད་རྒྱུ་བྱུང་བས་ངས་དུས་དང་རྣམ་པ་ཀུན་དུ་ངའི་དགེ་རྒན་རྣམས་ལ་མིག་དཔེ་བལྟས་ནས་མི་དམངས་ཀྱི་དགེ་རྒན་ཡག་པོ་ཞིག་ཆགས་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་ཡིན།
ནང་སར་སློབ་སྦྱོང་བྱ་རྒྱུ་བྱུང་བ་ནི་ངའི་ཤེས་བྱ་རིག་གནས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། གཉིས་ནས་མཐོང་རྒྱ་ཐོས་རྒྱ་ཆེ་རུ་སོང་བ། གསུམ་ནས་བྱང་ཚད་མཐོ་རུ་སོང་བ་བཅས་བྱུང་བས་ངའི་རྗེས་ཀྱི་ལས་དོན་དང་འཚོ་བའི་ཁྲོད་ཕན་འབྲས་མངོན་གསལ་ཐོབ་བྱུང་། དྲང་པོར་བརྗོད་ན་དེ་ཚོ་ཚང་མ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད།
ནང་སའི་བོད་ལྗོངས་འཛིན་གྲྭ་ནས་སློབ་མཐར་ཕྱིན་པའི་དགེ་རྒན་ཞིག་གི་ངོས་ནས་བཤད་ན། ངའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་དང་སྤྱི་ཚོགས་ཀྱི་བཅོལ་བའི་རེ་བ་མང་དག་ཅིག་ཡོད། ང་རང་ལ་དེ་རིང་གི་གྲུབ་འབྲས་དེ་དག་ཐོབ་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དྲིན་ཡིན་པས་སེམས་གཏིང་ནས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་རང་ཡིན། ངས་ཀྱང་ང་རང་གི་སློབ་སྦྱོང་འཚོ་བའི་ཉམས་མྱོང་དག་སློབ་མ་ཚོར་བཤད་ནས་ཁོང་ཚོར་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་སེམས་ལ་བརྟན་པོར་ངེས་ནས་མ་འོངས་སྤྱི་ཚོགས་ཕན་པ་བསྐྲུན་མཁན་གྱི་མི་སྣ་ཡག་པོ་ཞིག་བྱེད་དགོས་པའི་སློབ་གསོ་གཏོང་གི་ཡོད།